གངྒཱའི་ཆུ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་༢༠༡༠ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ་ནས་ཆེད་དུ་གསར་བསྐྲུན་བྱས།

Blog Archive

About Me

གངྒའི་ཆུ་རྒྱུན།
གངྒཱའི་ཆ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་རིག་གཞུང་ལ་དོན་གཉེར་ཆེ་བའི་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་གསར་བསྐྲུན་བྱས་པ་ཞིག་ཡིན།
View my complete profile

རྩོམ་སྒྲིག་ཚོགས་མི

༢༠༡༠ ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ།
སློབ་སྟོན་པ། བེ་རི་འཇིགས་མེད
རྩོམ་སྒྲིག་པ། ནོར་བུ་ཉི་མ། བསྟན་འཛིན་དགེ་རྒྱས་སོགས།།
གངྒཱའི་ཆུ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་༢༠༡༠ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ་ནས་ཆེད་དུ་གསར་བསྐྲུན་བྱས།

དྲ་ངོས་བཀླག་གྲངས།

Powered by Blogger.

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

Followers

Sunday 13 March 2011
 
སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན།
(མཇུག་གི་དོན་ལྔ་དང་མཇུག་བྱང་།)
གསུམ་པ་མཇུག་གི་དོན་ལ། རྗེས་འཇུག་གི་སྦྱོར་བ་ལ་བསླབ་དགོས་པའི་རྒྱུ་མཚན་བསྟན་པ་དང༌། དེ་ལྟར་མཁས་པར་བསླབས་ནས་ཇི་ལྟར་བྱ་བ་དང༌། མཁས་པར་བྱ་བའི་ཐབས་བསྟན་པ་དང༌། སླར་ཡང་དོན་བསྡུས་ཏེ་གདམས་པ་དང༌། གཞུང་འདི་ཉིད་འདོམས་པ་དང་མི་འདོམས་པའི་ཡུལ་ངོས་བཟུང་བ་དང་ལྔའོ། །དང་པོ་རྗེས་འཇུག་གི་སྦྱོར་བ་ལ་བསླབ་དགོས་པའི་རྒྱུ་མཚན་བསྟན་པནི། རྗེས་འཇུག་གི་སྦྱོར་བ་ལ་མཁས་པར་བསླབ་དགོས་ཏེ། ལུང་གིས་དོན་སྟོན་པ་ལ་རྗེས་འཇུག་གི་སྦྱོར་བ་མེད་དུ་མི་རུང་ཞིང༌། དེ་ཤེས་པ་ལ་དགོས་པ་ཁྱད་པར་ཅན་ཡོད་པའི་ཕྱིར་རོ། །དེ་ལ་རྒྱུ་མཚན་དེ་ལྟར་མེད་དུ་མི་རུང་བ་ཇི་ལྟར་ཡིན་ཞེ་ན། དེ་སྟོན་པའི་ཕྱིར། 
སྔོན་འཇུག་ཡོད་དམ་མེད་ཀྱང་རུང༌།
མིང་གཞིའི་ཡི་གེ་གང་ཡིན་ལ།
ཉིས་སྦྲེལ་ཡོད་དམ་སུམ་སྦྲེལ་ཡོད།
ཨཱ་ལི་བཞི་ལས་གང་ལྡན་ཡང༌།
རྗེས་འཇུག་བཅུ་པོ་མ་ཞུགས་ན།
མིང་གཞན་སྦྱོར་བ་ཡོད་མི་སྲིད།
ཅེས་གསུངས་སོ། །དེ་ཡང་སྔོན་འཇུག་ཡི་གེ་ལྔ་པོ་ཡོད་དམ་མེད་ཀྱང་རུང་སྟེ། དེ་ལྔ་པོ་ཡོད་མེད་ལ་མ་ལྟོས་པར་མིང་གཞི་ཀ་ལ་སོགས་པ་སུམ་ཅུ་ལ། ཉིས་སྦྲེལ་སྒ་ལྟ་བུ་ཡོད་དམ། སུམ་སྦྲེལ་སྒྲ་ལྟ་བུ་ཡོད་པ་དང༌། དེ་ལ་ཨཱ་ལི་སྟེ་དབྱངས་བཞི་ལས་གང་ཡང་རུང་བ་དང་ལྡན་པ། སྒི། སྒུ། སྒེ། སྒོ་ལྟ་བུ་དང༌། སྒྲི། སྒྲུ། སྒྲེ། སྒྲོ་ལྟ་བུ་བྱུང་ན་ཡང༌། རྗེས་འཇུག་གི་ཡི་གེ་བཅུ་པོ་གང་རུང་མ་ཞུགས་ན། མིང་གཞན་དང་སྦྱར་ནས་དོན་སྟོན་པ་མི་སྲིད་པས། དེ་གང་རུང་ཞུགས་པ་ལས་གཞན་པའི་མིང་གི་སྦྱོར་བ་ནི། བོད་སྐད་ཀྱི་གསུང་རབ་ལ་ཡོད་པ་མི་སྲིད་དོ་ཞེས་པ་སྟེ། འདིའི་མིང་གཞི་ནི། སྔར་བཤད་པའི་སྔོན་རྗེས་སུ་མི་འཇུག་པའི་མིང་གཞི་ཁོ་ན་མ་ཡིན་གྱི། གང་གིས་མིང་གཞི་སྔོན་གསུངས་པ། །ཞེས་པས་བསྟན་པ་ལྟར། གསལ་བྱེད་ལ་མིང་གཞིར་བཤད་པ་དེའོ། །ཉིས་སྦྲེལ་དང་སུམ་སྦྲེལ་ཡང་གོང་ལྟར་བརྩེགས་པ་མགོ་འདོགས་ཡོད་པ་ལ་གོ་བར་བྱ་ཡི། ཚེག་བར་གཅིག་ལ་སྔོན་རྗེས་ཡོད་པ་ལྟ་བུ་ལ་མི་བྱ་སྟེ། སྔོན་འཇུག་ཡོད་དམ་མེད་ཀྱང་རུང༌། །ཞེས་སྔོན་འཇུག་ལ་མ་ལྟོས་པར་བཤད་ཅིང༌། རྗེས་འཇུག་བཅུ་པོ་མ་ཞུགས་ན། །ཞེས་བཤད་པའི་ཕྱིར་རོ། །དེས་ན་རྣམ་གླིང་པ་དང༌། མཁས་པ་གཞན་གྱིས་མིང་གཞིའི་ཡི་གེ་ཉི་ཤུ་པོ་གང་རུང་གི་མཐའ་ཅན་གྱི་སུམ་སྦྲེལ་ཞེས་པ་དང༌། མིང་གཞིའི་ཡི་གེ་ཉིས་སྦྲེལ་སོགས་བཤད་པ་ནི་གཞུང་དོན་ལས་འཁྱམས་སོ།
                        གོང་གི་རྒྱུ་མཚན་ཕྱི་མ་སྟོན་པའི་ཕྱིར།
རྗེས་འཇུག་བཅུ་པོའི་དོན་ཤེས་ན།
འབྲི་དང་ཀློག་དང་འཆད་རྣམས་ཀྱི།
མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང༌།
འབྲེལ་བར་སྨྲ་བའི་མཆོག་ཏུ་འགྱུར།
གཞན་ཡང་རྗེས་འཇུག་ཤེས་པ་ཡིས།
དོན་གྱི་སྦྱོར་བ་མ་མཐོང་ཡང༌།
དོན་དང་མཐུན་པའི་སྦྱོར་བ་ཤེས།
ཞེས་གསུངས་ཏེ། རྗེས་འཇུག་བཅུ་པོའི་དོན་ཤེས་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། རྗེས་འཇུག་བཅུ་པོ་དངོས་དང༌། དེའི་རྣམ་འགྱུར་ལས་བྱུང་བའི་རྣམ་དབྱེ་ཕྲད་དང་བཅས་པའི་འཇུག་ཚུལ། དོན་གང་ལ་ཚུལ་ཇི་ལྟར་དགོས་པ་ཅིའི་ཕྱིར་འཇུག་པ་རྣམས་ཤེས་ན། མདོ་རྒྱུད་བསྟན་བཅོས་རྣམས་ཡི་གེར་འབྲི་བ་དང༌། བྲིས་ཟིན་ཀློག་པ་དང༌། དེའི་དོན་གཞན་ལ་འཆད་པ་དང༌། དེས་མཚོན་ནས་རྩོམ་པ་དང༌། རྩོད་པ་ལ་སོགས་པ་རྣམས་ཀྱི་ཚེ། མིང་ཚིག་སྔ་ཕྱི་འདྲེན་ལུགས་ལ་མཁས་པའི་དབང་གིས་རྗོད་བྱེད་མིང་ཚིག་སྔ་ཕྱིའི་མཚམས་སྦྱོར་བའི་སྒྲ་ལ་ཐོགས་པ་མེད་ཅིང༌། དེར་མ་ཟད་བརྗོད་བྱ་དོན་གྱི་ངོ་བོ་དང༌། ཁྱད་པར་ལ་སོགས་པ་སྔ་ཕྱི་མི་འགལ་བར་སྟོན་ཅིང་གཞན་ལ་གོ་བ་བདེ་བླག་ཏུ་སྟེར་ནུས་པས་འབྲེལ་བར་སྨྲ་བའི་མཆོག་ཏུ་འགྱུར་རོ། །དགོས་པ་གཞན་ཡང༌། རྗེས་འཇུག་གི་འཇུག་ཚུལ་ཤེས་པ་ཡིས་ཏེ་ཤེས་པ་ལ་བརྟེན་ནས། གཞུང་དོན་ལེགས་པར་འབྱེད་པའི་འགྲེལ་བའི་སྦྱོར་བ་སྔར་བྱས་པ་མ་མཐོང་ཡང༌། སྔར་བྱས་པས་འགྲེལ་བའི་སྦྱོར་ལུགས་སམ། དགོངས་པ་འགྲེལ་ལུགས་ཀྱི་དོན་དང་མཐུན་པའི་འགྲེལ་བའི་སྦྱོར་བ་རང་ཉིད་ཀྱིས་བྱེད་ཤེས་སོ།

                        གཉིས་པདེ་ལྟར་མཁས་པར་བསླབས་ནས་ཇི་ལྟར་བྱ་བནི། འོ་ན། དེ་ལྟར་རྗེས་འཇུག་གི་སྦྱོར་བ་ལ་མཁས་པར་སྦྱངས་ནས་ཇི་ལྟར་བྱ་ཞེ་ན། དེ་སྟོན་པའི་ཕྱིར།
རྗེས་འཇུག་སྦྱོར་བ་མཁས་པ་ན།
ལུང་གི་དོན་དང་སྦྱོར་བ་དང༌།
བླ་མའི་མན་ངག་གསུམ་སྦྱར་ནས།
དོན་གྱི་ཐོག་ཏུ་དབབ་པར་བྱ།
ཞེས་གསུངས་ཏེ། དེ་ལྟར་རྗེས་འཇུག་གི་སྦྱོར་བ་མཁས་པར་ཤེས་པ་ན། གང་ཤེས་པའི་རྗེས་འཇུག་གི་སྦྱོར་བ་རྣམ་དབྱེ་ཕྲད་ལ་སོགས་པ་དེ་ཉིད་ལུང་གི་དོན་དང་སྦྱོར་བ་སྟེ་སྡེ་སྣོད་གསུམ་གྱིས་བསྡུས་པའི་ལུང་གི་དོན་གཏན་ལ་འབེབས་པའི་ཆེད་དུ་སྦྱོར་བའོ། །སྦྱོར་ཚུལ་ཡང་རྣམ་དབྱེ་ཚིག་ཕྲད་ལ་སོགས་པ་རྣམས་ཀྱི་ལུང་གི་ཚིག་དོན་སྔ་ཕྱི་འདྲེན་ཅིང་སྡུད་པ་དང་སྦྱོར་བ་ལ་སོགས་པའི་འཇུག་པ་མ་ནོར་བའི་སྒོ་ནས། དོན་གྱི་ངོ་བོ་དང་ཁྱད་པར་ལ་དཔྱོད་པའོ། །དེ་ཡང་དགོས་པའི་དབང་གིས་ལུང་གི་ཚིག་དོན་གབ་པ་དང༌། དཀྲུགས་པ་ལ་སོགས་པ་ཡོད་པར་མ་ཟད། དགོངས་པ་མཆོག་ཏུ་ཟབ་ཅིང་ཕྲ་བས། རང་སྟོབས་ཀྱིས་ཞུགས་ཀྱང་དགོས་པ་བསྒྲུབ་མི་ནུས་པས་ན། བརྒྱུད་པ་མ་ཉམས་པའི་བླ་མའི་མན་ངག་ཀྱང་ངེས་པར་དགོས་སོ། །དེ་ལྟར་རྗེས་འཇུག་གི་སྦྱོར་བ་ལ་མཁས་པ་དང༌། དེ་ལུང་དོན་དང་སྦྱོར་བ་དང༌། བླ་མ་དམ་པའི་མན་ངག་སྟེ། དེ་གསུམ་སྦྱར་ནས་ཏེ་དེ་གསུམ་སྦྲེལ་ནས། རང་གིས་ཉམས་སུ་ལེན་རྒྱུའི་དོན་མ་ནོར་བ་དེའི་ཐོག་ཏུ་དབབ་ཅིང་བསྒྲིལ་བར་བྱའོ།

གསུམ་པམཁས་པར་བྱ་བའི་ཐབས་བསྟན་པནི། རྗེས་འཇུག་གི་སྦྱོར་བ་ལ་མཁས་པར་བྱ་དགོས་ན། དེ་ལྟར་མཁས་པར་བྱེད་པའི་ཐབས་ཀྱི་རིམ་པ་གང་ཞེ་ན། དེ་ལ་དང་པོར་བསླབ་པའི་རིམ་པ་བསྟན་པའི་ཕྱིར།
བསླབ་ལ་བརྩོན་པའི་གང་ཟག་གིས།
དང་པོར་ང་རོ་རྣམས་ལ་སྦྱང༌།
སྔོན་འཇུག་མིང་གཞི་རྗེས་འཇུག་རྣམས།
ཀློག་གི་ཆེད་དུ་བསླབ་པ་ཡིན།
རྗེས་འཇུག་བཞི་ཡི་སྦྱོར་བ་ནི།
ཉན་བསམ་བསྟན་པའི་ཆེད་དུ་སྦྱང༌།
ཡན་ལག་དེ་དག་མཐུ་ཡིས་ནི།
འབྲས་བུའི་ཆེད་དུ་གཏན་ལ་དབབ།
ཅེས་གསུངས་ཏེ། འབྲས་བུ་ཆེན་པོ་དོན་དུ་གཉེར་ཞིང༌། དེའི་རྒྱུ་བསླབ་པ་གསུམ་དང་དེ་སྟོན་པའི་སྡེ་སྣོད་གསུམ་ལ་སོགས་པ་བསླབ་བྱའི་གནས་ལ་སློབ་པར་བརྩོན་པའི་གང་ཟག་དེ་དག་གིས། བསླབ་པར་བྱ་བའི་རིམ་པ་ནི་འདི་ཡིན་ཏེ། དུས་དང་པོར་ཀ་ལ་སོགས་པའི་ཡི་གེ་རེ་རེའི་གདངས་ཀྱི་ང་རོ་རྣམས་ལ་རང་རང་གི་སྐྱེ་གནས་ལས་ཇི་ལྟར་འབྱུང་བ་ལྟར། སྒྲ་དམན་ལྷག་དང་བྲལ་བར་སྦྱང་བར་བྱའོ། །དེ་ལྟར་བྱང་བ་ན། དེ་ནས་སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ་སྦྱར་ཏེ། ཚེག་ཁྱིམ་གཅིག་གི་ཡི་གེ་རྣམས་སྦྲེལ་བའི་སྒྲའི་རྣམ་པ་མ་ཉམས་པར་བཀླག་པར་བྱའོ། །དེ་ལྟར་ཡི་གེ་རེ་རེ་བ་དང༌། སྔོན་རྗེས་མིང་གཞི་སྦྱར་བའི་ཀློག་ཚུལ་དེ་ཡང༌། ཀློག་གི་སྒྲ་འབྱོར་ཞིང་མ་ཉམས་པའི་ཆེད་དུ་བསླབ་པ་ཡིན་ནོ། །དེ་ལྟར་ཀློག་དག་ཅིང་ལེགས་པར་གྱུར་པ་ན། རྟགས་འཇུག་ནས་འབྱུང་བ་ལྟར། རྗེས་འཇུག་གང་གིས་གཞི་གང་ལ་ཚུལ་ཇི་ལྟར་དགོས་པ་ཅིའི་ཕྱིར་འཇུག་པ་བཞིའི་སྦྱོར་བ་ལ་བསླབ་སྟེ། དེ་ནས་བླ་མ་ལས་ཆོས་ཉན་པ་དང༌། རང་ཉིད་ཀྱིས་དོན་བསམ་པ་དང༌། གཞན་ལ་བསྟན་པའི་ཆེད་དུ་སྦྱང་བར་བྱའོ། །དེ་ལྟར་གནས་སྐབས་ཀྱི་དགོས་པ་ཀློག་པ་དང༌། ཉན་བསམ་ལ་སོགས་པ་ལ་མཁས་པ་དང༌། དེའི་ཆེད་དུ་ཡི་གེའི་སྐྱེ་གནས་ནས་བཟུང༌། རྗེས་འཇུག་གི་འཇུག་ཚུལ་བཞིའི་བར་ལ་སྦྱངས་པའི་ཐབས་སམ་རྒྱུའི་ཡན་ལག་དེ་དག་གི་མཐུ་ཡིས་ནི་སྟེ། དེ་དག་ལ་བརྟེན་ནས་གང་གཏན་ལ་འབེབས་ན། ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་འབྲས་བུ་དང་བཅས་པ་སྟོན་པའི་གསུང་རབ་ཀྱི་དོན་གཏན་ལ་འབེབས་པ་ཡིན་ལ། དེ་གང་གི་ཆེད་དུ་གཏན་ལ་འབེབས་ན། འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པའི་ཆེད་དུ་འབེབས་པ་ཡིན་ནོ། །སྐབས་འདིར་མཁས་པའི་བཞེད་པ་མི་མཐུན་པ་མང་ཡང༌། བཤད་མ་ཐག་པའི་འཆད་ཚུལ་ཉིད་གཞུང་གི་དོན་ཡིན་པར་གཞུང་གི་ཚིག་ཉིད་ལ་བརྟགས་པས་ཤེས་སོ།
འོ་ན། རིམ་པ་དེ་ལྟར་དུ་བསླབ་པའི་ཕན་ཡོན་གང་ཞེ་ན། དེ་བསྟན་པའི་ཕྱིར།
བསླབ་པའི་རིམ་པ་འདི་ཡིས་ནི།
གང་ཞིག་འབད་པ་ཆུང་ངུས་ཀྱང༌།
ཤེས་རབ་མྱུར་དུ་གྲོལ་བར་འགྱུར།
ཞེས་གསུངས་ཏེ། བསླབ་པའི་རིམ་པ་འདི་ཡིས་ནི་སྟེ། གོ་རིམ་བཤད་མ་ཐག་པ་ལྟར་བྱས་པ་དེ་ལ་བརྟེན་ནས་ནི། གང་ཟག་གང་ཞིག་འབད་པ་ཆེན་པོས་འཇུག་པ་ལྟ་ཅི་སྨོས་ཏེ། འབད་པ་ཆུང་ངུས་ཞུགས་པར་གྱུར་ཀྱང༌། དེའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་མྱུར་དུ་གྲོལ་བ་སྟེ། ཤེས་རབ་ཀྱི་སྒོ་ཚེགས་ཆུང་ངུས་མྱུར་དུ་དབྱེ་ཞིང་ཡངས་པ་ཉིད་ཐོབ་པར་འགྱུར་རོ།

                        བཞི་པ་སླར་ཡང་དོན་བསྡུས་ཏེ་གདམས་པ་ནི།
དེ་ཕྱིར་དང་པོར་འདི་ཉིད་བསླབ།
དེ་ནས་རྒྱས་པའང་མཉན་བྱས་ནས།
བསླབ་པ་གང་ལ་དད་པ་ཡི།
གཞུང་ཉིད་བླ་མ་རྣམས་ལས་མཉན།
ཞེས་གསུངས་ཏེ། བསླབ་རིམ་དེ་ལྟར་བྱས་པས་ཤེས་རབ་ཡངས་པའི་མཁས་པ་འཐོབ་པ་དེའི་ཕྱིར། དུས་དང་པོར་བསླབ་རིམ་དེ་དག་གི་གཞིར་གྱུར་པའི་གཞུང་འདི་ཉིད་ལ་བསླབ་པར་བྱ་ཞིང༌། དེའི་དོན་ཁོང་དུ་ཆུད་པ་ན། དེ་ནས་བརྡ་སྤྲོད་པའི་གཞུང་ལུགས་རྒྱས་པ་ཀ་ཙནཀ་ལཱ་པ་དང་ཙན་དྲ་པའི་བསྡུས་མིངལ་སོགས་པའང་མཉན་པར་བྱའོ། །དེའི་དོན་རྟོགས་པར་བྱས་ནས། རང་ཉིད་ཐེག་པ་གསུམ་གྱི་བསླབ་བྱའི་གནས་ཀྱི་གཙོ་བོ་ཚུལ་ཁྲིམས་ལ་སོགས་པ་གསུམ་པོ་གང་ལ་དད་པ་དེ་སྟོན་པའི་གཞུང་ཉིད་བླ་མ་མཁས་པ་རྣམས་ལས་མཉན་པར་བྱས་ཏེ། གཞུང་འདི་ཉིད་བླ་མའི་མན་ངག་ལ་བརྟེན་ནས། རང་ཉིད་ལ་ཕན་པའི་བླང་དོར་སྟོན་པའི་གདམས་པ་མཆོག་ཏུ་རྟོགས་པར་བྱས་ལ་ཉམས་སུ་ལེན་པའོ།

                        ལྔ་པ་གཞུང་འདི་ཉིད་འདོམས་པ་དང་མི་འདོམས་པའི་ཡུལ་གྱི་གང་ཟག་ངོས་བཟུང་བ་དེ་ཉིད་བསྟན་པར་བྱ་བའི་ཕྱིར།
སློབ་དཔོན་དེ་ཉིད་དུ་འཛིན་ཅིང༌།
ལེ་ལོ་གཡེང་བ་རྣམ་པར་སྤངས།
ཟོ་བཟང་དད་པ་ལ་བརྟེན་པ།
སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ།
དེ་ལ་དུས་སུ་འདོམས་པར་བྱ།
ཅིག་ཤོས་དེ་ལས་ལྡོག་པའོ།
ཞེས་གསུངས་ཏེ། འདི་ལྟ་བུ་སྟོན་པའི་སྣོད་རུང་གི་སློབ་མ་ཕུན་སུམ་ཚོགས་པ་ལ། སྣོད་ཀྱི་ཡོན་ཏན་འདི་ལྟ་བུ་དགོས་ཏེ། སློབ་དཔོན་དེ་ལ་སློབ་དཔོན་ཉིད་དུ་འཛིན་པའི་གུས་པ་དང་བཅས་པའི་སྒོ་ནས། བསྟེན་ཚུལ་ཕྱིན་ཅི་མ་ལོག་པ་ཡོད་ཅིང༌། སྙོམ་ལས་དང་སྒྱིད་ལུག་གི་ལེ་ལོ་དང༌། བྱ་བ་ངན་ཞེན་གྱི་གཡེང་བ་རྣམ་པར་སྤངས་པ་དང༌། ཟོ་ནི་ཁམས་སམ་རང་བཞིན་གྱི་དོན་ཡིན་པས། རང་བཞིན་བཟང་པོ་དྲང་ཞིང་བསམ་པ་དགེ་བ་དང༌། ལས་འབྲས་དང་དཀོན་མཆོག་སོགས་སྤྱི་དང༌། ཁྱད་པར་བསླབ་བྱའི་གནས་ལ་གུས་པའི་དད་པ་ལ་བརྟེན་པ་རྣམས་དང་ལྡན་དགོས་སོ། །ཡོན་ཏན་དེ་དག་དང་ལྡན་པས་སྐྱེས་བུ་དེས་ནི་གཞུང་དོན་མྱུར་དུ་རྟོགས་པར་འགྱུར་ཏེ། དེ་འདྲའི་སྐྱེས་བུ་དེ་ལ་དུས་སུ་བབ་ཅིང༌། བློ་འདུན་པའི་ཚེ་འདོམས་པར་བྱའོ། །ཅིག་ཤོས་ནི། སྣོད་ལྡན་དེ་ཡི་ཅིག་ཤོས་ཏེ། སློབ་དཔོན་ལ་མི་གུས་ཤིང་ལེ་ལོ་ཅན་དང༌། གཡེང་བ་ཅན། རང་བཞིན་ངན་པ། བསླབ་པ་ལ་མི་དད་པའི་སྐྱེས་བུ་དེའོ། །དེ་ལས་ལྡོག་པ་ནི་འདོམས་པ་ལས་ལྡོག་པ་སྟེ། མི་འདོམས་པའོ། །དེ་ལྟར་སྣོད་མིན་གྱི་གང་ཟག་དེ་ལྟ་བུ་ལ་འདོམས་པར་མི་བྱ། ཞེས་པའོ།
                        འདི་དག་ལ་གཞན་དག་གི་བཤད་པ་ཟློས་ཤིང་མ་འབྲེལ་བ་མཐའ་ཡས་ཀྱང༌། གཞུང་དངོས་གཞིའི་སྐབས་དོན་གྱི་དཔྱད་པ་ལ་མཁོ་བ་རྣམས་ལ་དགག་སྒྲུབ་ཅུང་ཟད་རེ་བྱས་ཤིང༌། ཧ་ཅང་མཚང་མི་ཆེ་བ་དུ་མ་ཞིག་ནི་ཕ་རོལ་པོ་བསམ་པ་ངན་པས་དམའ་ཕབ་པ་ལྟ་བུར་གོ་དོགས་ཀྱིས་དགག་བྱ་དང་བཅས་གསལ་ཁ་མ་བྱས་ཤིང༌། མཇུག་གི་སྐབས་སུ་ནི་ཚིག་དོན་བཀྲོལ་བ་ཙམ་ལས། གཞུང་དངོས་ཀྱི་དོན་གཙོ་ཆེ་བ་གལ་བོ་ཆེར་བཤད་ཕྱིན། དེ་ཙམ་དུ་གལ་མི་ཆེ་བར་གོ་ནས་རྒྱས་པར་མ་སྤྲོས་སོ། །འགྲེལ་བ་བསྟན་པའི་སྒྲོན་མེར། བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་པོ། །ཞེས་གསུངས་པ་ལྟར་ན། ཐུ་མིས་མཛད་པའི་བརྡའ་སྤྲོད་པའི་བསྟན་བཅོས་ཀྱི་རྩ་བ་ཆེན་པོ་བརྒྱད་ཡོད་པའི་ནང་ནས། རྩ་བ་དང་པོའི་ནང་གི་སྐབས་སམ་ལེའུ་ལྔ་པ་ནི་བསྟན་བཅོས་འདི་ཡིན་པར་བཞེད་འདུག་པ་ལ། རྣམ་གླིང་པས། འགྲེལ་བ་འདི་ལྟར་ན་འདི་ཉིད་བསྟན་བཅོས་བརྒྱད་ཀྱི་ལྔ་པ་ཡིན་པར་མངོན། ཞེས་མ་བརྟགས་པ་ཁོ་ནར་གསུང་ངོ༌། །དེ་ལྟར་ལུང་སྟོན་པ་སུམ་ཅུ་པའི་ཚིག་དོན་རེ་ཞིག་བཤད་ཟིན་ཏོ།

                       
                        སྨྲས་པ།
གངས་ཅན་བརྡའ་དག་སྙིང་པོའི་གངྒཱ་མ།
རྣམ་དཔྱོད་རལ་བའི་ཀློང་དུ་སིམ་གྱུར་པ།
སླར་ཡང་བློ་གསལ་སྐལ་ལྡན་ཤིང་རྟའི་ཆེད།
རྣམ་དག་རིག་པའི་སྤར་མོས་མངོན་པར་བཙིར།

འགལ་འཁྲུལ་ར་རིའི་དྲི་མ་ཀུན་བཀྲུས་ཏེ།
རྒྱལ་བསྟན་རྒྱ་མཚོའི་འཇུག་ངོགས་གསལ་བྱེད་ཅིང༌།
སྔོན་མེད་དགོངས་དོན་བདུད་རྩི་འབུམ་འཛག་པས།
སྔོན་དུ་གྲགས་པའི་གངྒཱ་འདི་མ་ཡིན།

ཨེ་མ་སྔོན་བྱོན་བསིལ་ལྡན་མཁས་རྣམས་ཀྱིས།
རྒྱལ་བསྟན་རྩ་བ་བརྡའ་སྤྲོད་གཞུང་ལུགས་འདིའི།
མཐར་ཐུག་དགོངས་པའི་དཀའ་གནས་ནོར་བུའི་ཚོགས།
ཁོ་བོའི་བགོ་སྐལ་ཉིད་དུ་བཞག་གམ་སྙམ།

གྲངས་མེད་དཔའ་བོའི་དཔུང་དང་མི་ལྡན་ཞིང༌།
སྟོང་གསུམ་དབང་ཕྱུག་ཐོབ་པར་མ་གྱུར་པར།
སྲིད་གསུམ་ནོར་གྱིས་མི་མཉམ་དགོངས་པ་དངོས།
རྙེད་འདི་ཁོ་བོའི་བསོད་ནམས་ཨེ་མ་མཚར།
ཞེས་པ་འདི་ཡང་བདག་གི་མཁན་རིན་པོ་ཆེ་བློ་བཟང་སྦྱིན་པའི་ཞལ་སྔ་ནས་དང༌། གཞན་ཡང་དོན་གཉེར་ཅན་དུ་མས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་དཀའ་བཅུའི་མིང་ཅན་རཏ྄ན་ཨར྄ཐ་སི་དྡྷིས་བགྱིས་པའོ།། །།

འཇམ་དབྱངས་ཐོན་མིའི་བཞེད་གཞུང་རི༵ན་ཆེ༵ན་ནོར།
སྔོན་མེད་དགོངས་འགྲེལ་རྒྱལ་མཚན་རྩེར་བཀོད་ནས།
དགེ་ལེགས་འདོད་རྒུའི་ཆར་གྱིས་རང་གཞན་དོ༵ན།
ལྷུན་གྲུ༷བ་ལྔ་རིག་སྨྲ་བ་དེ་བསྔགས་འོས།

ཆོས་སྦྱིན་ཟད་མི་ཤེས་པ་སྤེལ་བའི་སླད།
གཞུང་བཟང་པར་དུ་བསྐྲུན་པའི་ལེགས་བྱས་མཐུས།
ཕན་བདེའི་འབྱུང་གནས་རྒྱལ་བསྟན་བཤད་སྒྲུབ་ཀྱི།
སྲོལ་བཟང་ནམ་ཡང་མི་ཉམས་གོང་འཕེལ་ཤོག

རིས་བྲལ་བློ་གསལ་ངང་མོའི་ཚོགས་རྣམས་ཀྱང༌།
ལུང་རིགས་འདབ་ཟུང་བསྐྱོད་པའི་ཟློས་གར་གྱིས།
ཐུབ་བསྟན་དྭངས་བསིལ་མངར་བའི་མཚོ་གླིང་དུ།
ལེགས་བཤད་དབྱངས་སྙན་ངོམ་མེད་སྒྲོག་གྱུར་ཅིག
                        ཅེས་པཎ྄ཌི་ཏ་ཆེན་པོ་པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་སུམ་ཅུ་པའི་དགོངས་འགྲེལ་འདི་ཉིད་འགྲེལ་བ་གཞན་ལས་ཁྱད་པར་དུ་འཕགས་པར་ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་སྔོན་དུས་ཀྱི་མཁས་པ་དུ་མས་བཞེད་འདུག་གཤིས། རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བཞེད་དགོངས་རྫོགས་ཕྱིར་གང་ཅིའི་ཆ་རྐྱེན་སྦྱར་ཏེ་པར་ཡིག་པ་སྔགས་འཆང་པདྨ་ཐར་དང༌། ཞུས་དག་པ་གསེར་ལག་བྱ་བཏང་འཇམ་དབྱངས་རྒྱ་མཚོ། རྐོ་མཁན་སྡེ་དགེའི་བཀྲ་ཤིས་དང་བུ་རྒྱལ་རྣམས་ཀྱིས་ལྕགས་ཁྱི་ལོར་པར་དུ་བསྒྲུབས་པའི་དགེ་བསྔོའི་སྨོན་ཚིག་ཏུ་གྱི་ན་པ་དགེ་འདུན་བསྟན་འཛིན་རྒྱ་མཚོས་བྲིས་པའོ།། །།


པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ་ཞེས་པ་ལས་ཟུར་བཏོན་ཞུས། ཤོག་ངོས། ༠༡_༧༤ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། དཔར་ལོ། ༡༩༩༤།