གངྒཱའི་ཆུ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་༢༠༡༠ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ་ནས་ཆེད་དུ་གསར་བསྐྲུན་བྱས།

Blog Archive

About Me

གངྒའི་ཆུ་རྒྱུན།
གངྒཱའི་ཆ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་རིག་གཞུང་ལ་དོན་གཉེར་ཆེ་བའི་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་གསར་བསྐྲུན་བྱས་པ་ཞིག་ཡིན།
View my complete profile

རྩོམ་སྒྲིག་ཚོགས་མི

༢༠༡༠ ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ།
སློབ་སྟོན་པ། བེ་རི་འཇིགས་མེད
རྩོམ་སྒྲིག་པ། ནོར་བུ་ཉི་མ། བསྟན་འཛིན་དགེ་རྒྱས་སོགས།།
གངྒཱའི་ཆུ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་༢༠༡༠ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ་ནས་ཆེད་དུ་གསར་བསྐྲུན་བྱས།

དྲ་ངོས་བཀླག་གྲངས།

Powered by Blogger.

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

Followers

Saturday 12 March 2011
     ཆུ་བོ་གངྒཱ་ལྷ་ཡུལ་ནས་ཚུལ་ཇི་ལྟར་འབབ་པ་དང་དགོས་པ་གང་གི་ཆེད་དུ་འཇིག་རྟེན་མི་ཡུལ་དུ་བབས་པ་རགས་རིམ་ཙམ་མཁྱེན་པར་འདོད་ན།
     དེ་ཡང་ཐོག་མར་ཕྱི་རོལ་ཧིན་རྡུ་རིག་བྱེད་སྨྲ་བའི་འདོད་པ་ནི། <<ཁྱད་པར་འཕགས་བསྟོད>>ལས། །
            བདག་ཉིད་ཆེན་པོ་དུག་ཅན་པའི། །
            སྲས་པོ་སྟོང་ཕྲག་དྲུག་ཅུ་དག །
            སེར་སྐྱས་བལྟས་པ་ཙམ་གྱིས་བསྲེགས། །
            དེ་ཡང་ཁྱེད་ཀྱི་ཐུགས་རྗེ་མཛད། །
     ཅེས་པའི་འགྲེལ་པར། ལྷ་མ་ཡིན་རླུང་འཐོབ་དང་སར་ལྡན་སྤུན་གཉིས་སོགས་པའི་གཏམ་རྒྱུད་ཀྱི་འཕྲོས་ལས། དེའི་ཚེ་དུག་ཅན་པ་ཞེས་བྱ་བའི་རྒྱལ་པོ་ཞིག་ཡོད་པ་དང་། དེ་ལ་ཆུང་མ་གཉིས་ཡོད་པ་ལས། གཅིག་ལ་འཆོལ་པ་ཞེས་བྱ་བའི་བུ་གཅིག་ཡོད་ལ། གཅིག་ཤོས་ལ་ལྷ་ཆེན་པོ་ལས་མཆོག་ཐོབ་པས་བྱ་དྲུག་ཁྲི་ཡོད་པར་གྱུར་ཏོ། ། ཇི་ཙམ་ན་རྒྱལ་པོས་རྟའི་ཚིལ་ཞེས་བྱ་བའི་མཆོད་སྤྱིན་བྱེད་པར་རྩོམ་པར་གྱུར་ནས་སྡོམ་པ་བླངས་ཏེ། མཆོད་སྡོང་ལ་བཏགས་པའི་རྟ་ཡི་མཆོད་སྦྱིན་གྱི་ཡོ་བྱད་དུ་སྲོག་ཤིང་མེ་ཐབ་ཀྱི་ཁ་ཁྱེར་ལ་སོགས་པ་བྱས་ནས་རྟ་དེ་དག་ཡོངས་སུ་བསྲུང་བའི་ཕྱིར། བུ་དྲུག་ཁྲི་ཐམས་ཅད་གོ་ཆ་བགོས་ཤིང་མཚོན་ཆའི་ཁྱད་པར་དུ་མ་ལག་ན་ཐོགས་པར་བྱས་ནས་བསྲུང་དུ་བཅུག་གོ། ཇི་ཙམ་ན་ཁྱབ་འཇུག་གི་བསམ་པར། རྒྱ་མཚོ་འདི་ཐམས་ཅད་སྐམ་པར་གྱུར་ན་ཐབས་གང་གིས་འདི་ཡོངས་སུ་དགང་བར་བྱ། དེ་ལ་ངས་རྒྱལ་པོ་དུག་ཅན་པའི་མཆོད་སྦྱིན་བྱ་བའི་གནས་ནས། རྟ་བརྐུས་ན་རྒྱུ་རྐྱེན་འདི་ལས་གངྒཱ་མི་ཡུལ་དུ་དབབ་པར་འགྱུར་རོ་སྙམ་དུ་བསམ་ནས་སོང་སྟེ། རྟ་བླངས་ནས་ས་འོག་ཏུ་ཞུགས་པར་གྱུར་ཏོ། །ཇི་ཙམ་ན་དུག་ཅན་པའི་བུ་རྣམས་ཀྱིས་གཏམ་དེ་ཐོས་པ་དང་། འཚོ་འགྲམ་བརྐོས་ཏེ་ས་འོག་ཏུ་ཞུགས་པ་ལས་ཁྱབ་འཇུག་དྲང་སྲོང་སེར་སྐྱའི་གཟུགས་ཀྱིས་འདུག་པའི་མདུན་ན་རྟ་རྣམས་ཡོད་པ་མཐོང་ནས་རྒྱལ་པོའི་སྲས་དེ་དག་གིས་ང་རྒྱལ་བཪྙས་ཐབས་ཀྱི་སྒོ་ནས་རྟ་བླངས་ བྱས། ཁྱབ་འཇུག་ཁྲོས་ཏེ་མིག་ནས་མེ་ཕྱུངས་ཏེ་རྒྱལ་བུ་རྣམས་བསྲེགས་པས་ཐམས་ཅད་ཐལ་བར་བྱས་སོ། ། དེ་དག་ཤི་ནས་དམྱལ་བར་སྐྱེས་པ་དང་། དུག་ཅན་པས་ཇི་ལྟར་གྱུར་པ་དེ་ཐོས་ནས་རྟ་རྣམས་བླང་བའི་ཕྱིར་དུ་རང་གི་བུ་འཆོལ་བ་ཞེས་པ་བཏང་ངོ་། ། དེ་སོང་སྟེ་ཁྱབ་འཇུག་ལ་བསྟོད་བསྔགས་དང་མཆོད་པས་མགུ་བར་བྱས་ནས་རྟ་བླངས་ཏེ། སླར་གྲོང་ཁྱེར་དུ་འོངས་ནས་རྒྱལ་པོས་ཀྱང་མཆོད་སྦྱིན་གྱི་བྱ་བ་ལ་བར་ཆད་མེད་པ་ཉིད་དུ་བྱས་སོ། ། རྒྱལ་པོ་ཚེའི་དུས་བྱས་ནས་ལྷའི་གནས་སུ་སྐྱེས་སོ། ། དེ་ནས་འཆོལ་པ་རྒྱལ་པོར་གྱུར་ཏེ། དེའི་བུ་མྱུར་བ་ཞེས་བྱ་བ་རྒྱལ་སྲིད་དང་དབང་བསྐུར་བ་དང་། ཇི་སྲིད་བདག་གི་ཁུ་བོ་རྣམས་རྒྱུ་འདིས་དམྱལ་བར་སྐྱེས་ཞེས་ཐོས་ཀྱིས། དེ་རྣམས་ཀྱི་དོན་གྱི་བྱ་བ་དུག་ཅན་པའམ། བདག་གི་ཕ་འཆོལ་པས་ཅི་ཡང་མ་བྱས་ཀྱི། ད་ངས་དེའི་དགོས་པ་བའོ་སྙམ་ནས་དགོས་འབེབས་པར་བྱ་བའི་ཕྱིར། ལྷའི་ལོ་སུམ་ཁྲིའི་བར་དུ་དཀའ་ཐུབ་སྤྱད་ཀྱང་དེས་གངྒཱ་འབེབས་པར་མ་ནུས་སོ། ། དེ་ཚེ་འདས་པར་གྱུར་པ་དང་། དེའི་བུ་དི་ལཱིབ་ཀྱིས་གངྒཱ་འབེབས་པར་བྱ་བའི་ཕྱིར་ལྷའི་ལོ་སུམ་ཁྲིའི་བར་དུ་དཀའ་ཐུབ་སྤྱད་ཀྱང་དེས་ཀྱང་མ་ནུས་སོ།། དེ་ཉིད་འདས་ནས་དེའི་བུ་བྷ་གཱི་ར་ཐས་དཀའ་ཐུབ་ཆེན་པོས་ཚངས་པ་མགུ་བར་བྱས་པ་དང་། ཚངས་པས་དེ་ལ་མཆོག་བྱིན་པ། ཅི་ནས་ཀྱང་ངས་མིའི་འཇིག་རྟེན་དུ་གངྒཱ་འབེབས་པ་དེ་ལྟར་བའོ་སྨྲས་ནས། ཚངས་པས་ཀྱང་གངྒཱ་ལ་མིའི་ཡུལ་དུ་འབེབས་པར་གྱིས་ཤིག་ཅེས་སྨྲས་པ་དང་། དེ་ཤིན་ཏུ་སྨྲེ་སྔགས་འདོན་ཏེ། ཇི་ལྟར་ང་དེར་སོང་ནས་ཐུན་མོང་དུ་འགྱུར་ཞིང་། རིགས་ངན་ལ་སོགས་པ་རྣམས་ཀྱིས་ཀྱང་བསྟེན་པར་འགྱུར་ན། གནས་སྐབས་འདི་ལྟ་བུ་ཇི་ལྟར་སྤྱད་པར་བྱ། མེས་པོའི་བཀའ་ལས་འདའ་བར་བྱ་བ་ཡང་རིགས་པ་མ་ཡིན་ནོ། ། འོན་ཀྱང་ཤུགས་ཆེན་པོས་སོང་ནས། ས་འོག་ཉིད་དུ་ཞུགས་པར་བྱ་སྙམ་པ་དང་། ཚངས་པས་ཅི་ཁྱོད་ཀྱིས་མིའི་འཇིག་རྟེན་དུ་དག་བྱེད་མ་བྱས་པར་ས་འོག་ཏུ་འབེབ་པར་བྱེད་དམ། ཞེས་ཚར་བཅད་ནས། ལྷ་ཆེན་པོས་རང་གི་རལ་པའི་ཚོགས་ཀྱི་ནང་དུ་དགའ་པར་གྱུར་ཏེ། དེ་ཡང་དེ་ནས་འབྱུང་བ་ལ་ལྷའི་ལོ་སྟོང་གི་བར་དུ་འཁོར་ཞིང་། འབབ་ཀྱང་རལ་པ་དེའི་མཐའ་ཪྙེད་པར་མ་གྱུར་ཏོ།། དེ་ནས་ཡང་བྷ་གཱི་ར་ཐས་དཀའ་ཐུབ་ཀྱི་ཁྱད་པར་ཆེན་པོས་ལྷ་ཆེན་པོ་དགའ་བར་བྱས་ནས། རལ་པ་བཙིར་བ་དང་། གངས་རི་ཏི་སེའི་སྟེང་དུ་ཐིགས་པ་གཅིག་བབ་པར་གྱུར་པ་ལས་སྐད་ཅིག་མ་གཅིག་ལས་དེར་མཚོ་ཆེན་པོ་གཅིག་ཏུ་གྱུར་པ་ནི་མ་ཕམ་གཡུ་མཚོ་དང་། དེ་ལས་ཐིགས་ཕྲན་བདུན་དུ་འཆད་པ་ནི།
            སིཏཱ་སིན་ངྷུ་པཀྵུ་དང་། །
            གངྒཱ་དེ་བཞིན་འཇིག་རྟེན་རྒྱན། །
            རྒལ་དང་ཚིམ་པ་ཉིད་དང་ནི། །
            ན་ལི་ནི་ནི་བདུན་པར་བཤད། །

     ཅེས་བྱ་བ་ཡིན་ནོ། །ཇི་ཙམ་ན་གངྒཱ་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དེར་འགྲོ་བར་བྱའོ་སྙམ་ནས་དྲེགས་པ་དང་བཅས་པར་རི་ཁ་བ་ཅན་ཧི་མ་ལ་ཡ་ཕུག་སྟེ། དེའི་སུལ་ནས་བདེ་བར་འབབ་པར་གྱུར་ཅིང་། ཡང་དེའི་ཚེ་དྲང་སྲོང་ཛ་ཧ་ནུ་ཞེས་བྱ་བ་དཀའ་ཐུབ་དྲག་པོ་ཅན་ཞིག་ཡོད་པ་དེ་ཁ་བ་ཅན་གྱི་རི་སུལ་ན་རྣལ་འབྱོར་བསྒོམ་པ་ལ་བརྩོན་ཞིང་གནས་པར་གྱུར་ཏོ།། དེས་ཀྱང་ཅ་ཅོའི་སྒྲ་སྒྲོགས་ཤིང་སྒེག་པས་དལ་གྱིས་འབབ་པར་མཐོང་བ་དང་།ཤིན་ཏུ་ཁྲོས་པར་གྱུར་ཏེ་སོང་ནས་སྨྲས་པ།
            ང་ཡི་གནས་དང་ཉེ་བ་འདིར། །
            བུད་མེད་འདི་ནི་སྒེག་མ་ཡིས། །
            འཛེམས་པ་མེད་པར་ཅི་ཕྱིར་འགྲོ། །
            སྤྱོད་ངན་ཛཱག་པ་ཆེན་པོ་ཡིན། །
     ཞེས་སྨྲས་ཏེ། གངྒཱ་བླངས་ནས་འཐུངས་སོ། ། ཡང་བྷ་གཱི་ར་ཐས་དྲང་སྲོང་དེ་དཀའ་ཐུབ་ཀྱིས་མགུ་བར་བྱས་པ་དང་། དེས་རྣ་བ་ལས་བསྐྱུགས་སོ། ། གངྒཱ་དེ་ནས་བཟུངས་ཏེ་བགེགས་མེད་པར་ཕྱོགས་བཞིར་སོང་སྟེ། ས་འོག་གང་བར་བྱས་ནས་དུག་ཅན་པའི་བུ་དང་འབྲེལ་བའི་གནས་སྐབས་ཀྱིས་ལྷག་མ་རྣམས་རྣམ་པར་བཀྲུས་ལ། དེས་ཀྱང་རྒྱལ་བུ་རྣམས་དམྱལ་བ་ལས་འཕོས་ཏེ་མཐོ་རིས་སུ་སྐྱེས་སོ་ཞེས་གཏམ་བཟང་རླུང་ལྟར་གྲགས་སོ། ། གངྒཱའི་མིང་གི་རྣམ་གྲངས་ནི། ཚིག་གི་གཏེར་མཛོད་ལས།

     (གཇའི)གཇའི་ལྷ་མོ། ལྷ་ཡི་ཆུ་བོ། ནམ་མཁའི་ཆུ་བོ། དྲག་པོའི་ཐོད། ཡན་ལག་བརྒྱད་ལྡན། འཆི་མེད་ཆབ། ཛ་ཧ་ནུའི་བུ་མོ། རྒྱུན་གསུམ་པ། ལམ་གསུམ་འགྲོ། གླང་ཆེན་ཁ་འབབ། ཆུ་བྱིན་མ། ཁྱབ་འཇུག་རྐང་པ། འཇིགས་སྡེ་མ། སྐལ་ལྡན་ཤིང་རྟའི་བུ་མོ་བཅས་མིང་མི་འདྲ་བའི་གནས་ཚུལ་ཡང་ཅུང་ཞིག་འགྲེལ་ན། གོ་ལྷ་ཡུལ་ནས་འབེབས་པ་པོའི་མིང་ལ་སྙ་གི་ར་ཐ་བོད་སྐད་དུ་སྐལ་ལྡན་ཤིང་རྟ་ཟེར་བས་ཆུའི་མིང་ཡང་སྐལ་ལྡན་ཤིང་རྟའི་བུ་མོ་ཞེས་དང་། ལྷ་ཆེན་གྱིས་རལ་པའི་ནང་དུ་བཞག་པ་ལ་དྲག་པོའི་ཐོད་ཅེས་དང་། དྲང་སྲོང་ཛ་ཧ་ནུའི་རྣ་བ་ལས་བསྐྱུགས་པས་མིང་ཡང་ཛ་ཧ་ནུའི་བུ་མོ་ཞེས་ཟེར། ལྷ་ཡུལ་དང་། མི་ཡུལ། ས་འོག་གི་ལམ་གསུམ་དུ་འབབ་ཅེས་པའི་མིང་ལ་ལམ་གསུམ་འགྲོ་ཞེས་དང་། རི་གླང་ཆེན་གྱི་ཁ་འདྲ་བ་ལས་འབབ་པའི་གླང་ཆེན་ཁ་འབབ་ཅེས་ཟེར་བ་སོགས་འཇུག་དོན་སོ་སོར་རྟོགས་པ་རིགས་ལགས། དེ་བཞིན་(གགོ)གགོ་ཡང་གཉིས་སུ་དབྱེ་སྟེ་ངོས་འཛིན་དགོས་ཤིང་། བྷ་གཱི་ར་ཐའི་གངྒཱ་དང་ཛ་ཧ་ནུའི་གངྒཱའོ། ། དང་པོ་གངས་ཏི་སེའི་སྟེང་དུ་འབབ་པའི་ཆུ་བོ་སྐལ་ལྡན་ཤིང་རྟའམ་སྙ་གི་ར་ཐས་སྤྱན་དྲངས་པའི་གངྒཱ་ནི་གླང་ཆེན་ཁ་འབབ་ལ་ངོས་འཛིན་དགོས་ཤིང་དེང་སང་(སཏ་ལེཇེ)སཏ་ལེཇེ་ཞེས་ཀྱང་ཟེར། འབབ་རྒྱུན་ནི་གུ་གེ་ཡུལ་གྱི་སྟོད་རྡུལ་ཆུ་ཞེས་པའི་རི་གླང་ཆེན་གྱི་ཁ་འདྲ་བ་ལས་ཐོན་ཏེ། ཁྱུང་ལུང་། མཐོ་ལྡིང་། རོང་ཆུང་བཅས་བརྒྱུད་དེ་གངས་ཅན་ཧི་མ་ལ་ཡའི་རི་སུལ་ནས། ཁུ་ནུ་རམ་པུར། སིམ་ལ་ཧི་མ་ཅལ། པན་འཇབ་ཅན་གྲི་གྷཀྲ་བཅས་ནས་པ་ཀི་སེ་ཐན་བརྒལ་ཏེ་རྒྱ་གར་ནུབ་ཕྱོགས་རྒྱ་མཚོར་འབབ་བོ། ། གཉིས་པ་དྲང་སྲོང་ཛ་ཧ་ནུའི་རྣ་བ་ལས་བསྐྱུགས་པའི་ཛ་ཧ་ནུའི་བུ་མོ་གངྒཱ་ནི་རྒྱ་གར་ཡོངས་གྲགས་སུ་ཆུ་བོ་གངྒཱ་འདོད་པ་དེའོ། ། དེ་ཉིད་འབབ་རྒྱུན་ནི་གངས་ཅན་གྱི་རི་སུལ་གང་གོ་ཏི་རི་ནས། གྷར་ཝལ། དགྲ་ཝར། ཝ་ར་ཎ་སི་བཅས་ནས་བྷཱི་ཥར་དང་བྷེ་གྷོལ་གྱི་གཞུང་གཤགས་ཏེ་རྒྱ་གར་ཤར་ཕྱོགས་ཀྱི་རྒྱ་མཚོར་འབབ་པ་ཡིན་ནོ།། ཡང་ལོ་རྒྱུས་དབང་གིས་གཉིས་སུ་འདོད་ཀྱང་ངོ་བོ་ནི་ལྷ་ཡི་ཆུ་བོ། འཆི་མེད་ཆབ། ཡན་ལག་བརྒྱད་ལྡན། ནམ་མཁའི་ཆུ་བོ་བཅས་ནི་རྩོད་མེད་གཅིག་མཐུན་དུ་ཁས་ལེན་འདོད་པ་ཡིན་ནོ། །
            གངྒཱའི་ལོ་རྒྱུས་ཤེས་དགོས་ཤིང་། །
            སྲིད་པ་གསུམ་གྱི་འདོད་སྦྱིན་མ། །
            གཉིས་སུ་ཤེས་པར་མ་བྱས་ན། །
            གཅིག་ཏུ་རློམ་པ་ཤིན་ཏུ་མང་། །