Blog Archive
About Me
- གངྒའི་ཆུ་རྒྱུན།
- གངྒཱའི་ཆ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་རིག་གཞུང་ལ་དོན་གཉེར་ཆེ་བའི་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་གསར་བསྐྲུན་བྱས་པ་ཞིག་ཡིན།
རྩོམ་སྒྲིག་ཚོགས་མི
༢༠༡༠ ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ།
སློབ་སྟོན་པ། བེ་རི་འཇིགས་མེད
རྩོམ་སྒྲིག་པ། ནོར་བུ་ཉི་མ། བསྟན་འཛིན་དགེ་རྒྱས་སོགས།།
སློབ་སྟོན་པ། བེ་རི་འཇིགས་མེད
རྩོམ་སྒྲིག་པ། ནོར་བུ་ཉི་མ། བསྟན་འཛིན་དགེ་རྒྱས་སོགས།།
གངྒཱའི་ཆུ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་༢༠༡༠ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ་ནས་ཆེད་དུ་གསར་བསྐྲུན་བྱས།
དྲ་ངོས་བཀླག་གྲངས།
Powered by Blogger.

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།
འབྲེལ་ཡོད་དྲ་འབྲེལ།
Followers
Tuesday, 8 November 2011
རྣམ་དབྱེ་དྲུག་པ་འབྲེལ་སྒྲ།
ཀྱི་གི་གྱི་འི་དང་ཚིགས་བཅད་ཀྱི་རྐང་པ་སྐོང་ཚེ་ཡི་ཡང་ཐོབ་པས། ཀྱི་གི་གྱི་འི་ཡི་ལྔ་པོ་འབྲེལ་སྒྲ་ལ་འཇུག་སྟེ། རྣམ་དབྱེ་སྦྱར་སའི་ཁྱད་གཞི་དེ་ལ། ཁྱད་ཆོས་གང་ཡང་རུང་བ་ཞིག་ལྡན་པའམ་དེ་དང་འབྲེལ་བ་སྟོན་པས་ན་འབྲེལ་སྒྲ་ཟེར། དཔེར་ན། བདག་གི་མིག་ཅེས་བརྗོད་ཚེ། བདག་ཁྱད་གཞི་དང་། དེ་ལ་རྣམ་དབྱེ་སྦྱར་ནས་མིག་ཅེས་བརྗོད་པ་ན། མིག་དེ་ཉིད་བདག་དང་འབྲེལ་བའམ་བདག་གི་ཡིན་པ་གོ་བ་བཞིན་ནོ། །རྣམ་དབྱེ་གི་མེད་ན། བདག་མིག་ཅེས་བདག་དང་མིག་གཉིས་སོ་སོར་གོ་བ་ཙམ་ལས་ཡན་ལག་ཅན་དང་ཡན་ལག་གི་ཚུལ་དུ་འབྲེལ་བ་གོ་མི་ནུས་སོ། །
ཀྱི་གི་གྱི་འི་ཡི་རྣམས་རྟགས་མཐའ་གང་ལ་འཇུག་ཚུལ་ཡང་།
ད་བ་ས་ཀྱི་ག་ང་གི །
ན་མ་ར་ལའི་རྗེས་སུ་གྱི། །
འ་དང་མཐའ་རྟེན་མེད་མཐར་འི། །
རྐང་པ་སྐོང་ཚེ་ཡི་ཞེས་འཐོབ། །
ཅེས་པ་ལྟར། ད་བ་ས་རྗེས་འཇུག་ཅན་རྣམས་ཀྱི་རྗེས་སུ་འབྲེལ་སྒྲ་སྦྱོར་དགོས་ཚེ་ཀྱི་ཐོབ། ག་ང་གཉིས་མཐའ་རྟེན་ཅན་ལ་གི་ཐོབ། ན་མ་ར་ལ་མཐའ་རྟེན་ཅན་ལ་གྱི་ཐོབ། འ་མཐའ་ཅན་དང་མཐའ་རྟེན་མེད་པ་དག་གི་རྗེས་སུ་འི་ཐོབ་ལ། ཚིགས་སུ་བཅད་པའི་ཚིག་གི་ཁ་སྐོང་དགོས་ཚེ་འ་མཐའ་ཅན་དང་མཐའ་མེད་མཐར་འབྲེལ་སྒྲ་ཡི་བཞག་ཆོག་གོ །
དེ་ཡང་འབྲེལ་བ་ལ་བདག་ཉིད་གཅིག་པའི་འབྲེལ་བ་དང་། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ། བདག་པོ་དང་ཡུལ་གྱི་འབྲེལ་བ་དང་། རྟེན་དང་བརྟེན་པའི་འབྲེལ་བ་བཅས་བཞི་ཡོད་པ་ལས།
དང་པོ་(བདག་ཉིད་གཅིག་པའི་འབྲེལ་བ།)དཔེར་ན། ཡིད་ཀྱི་དྲན་པ། བདེ་སྐྱིད་ཀྱི་འཚོ་བ། གངས་ཀྱི་རི། ཞག་གི་ཁ་ཟས། ངག་གི་སྨྲ་བརྗོད། འབྲས་ཆན་གྱི་ཟས། གསེར་གྱི་བུམ་པ། ཤེལ་གྱི་སྣོད། བགྲོད་དཀའ་བའི་ལམ། པགས་པའི་གོས། ལྟ་བུ།
ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་ནི། དཔེར་ན། ཁྱེད་ཀྱི་ལག་པ། རྒྱ་ཁབ་ཀྱི་མིག རི་རབ་ཀྱི་རྩེ། ལུས་ཀྱི་ཡན་ལག རས་ཀྱི་ཁ་ཚར། བདག་གི་མགོ། ཤིང་གི་ཡལ་ག གཞན་གྱི་སྨིན་མ། ཟམ་གྱི་ཀ་བ། གུར་གྱི་ཐག་པ། ཉལ་ཐུལ་གྱི་ཕྱི་མ། ན་བཟའི་དུམ་བུ། ཁང་པའི་ཀ་བ། ལྟ་བུ།
བདག་པོ་དང་ཡུལ་གྱི་འབྲེལ་བ་ནི། དཔེར་ན། ཁྱེད་ཀྱི་རྒྱུ་ནོར། རྒྱལ་ཁབ་ཀྱི་དངོས་རྫས། བདག་གི་ནོར། ཁོང་གི་ནོར། ཁོང་གི་ཅ་ལག སྤྱི་མཐུན་གྱི་ཞིང་ས། ཡུམ་གྱི་རྒྱན་ཆ། དཔལ་འཁོར་གྱི་ཅ་ལག གཞུང་སྒེར་གྱི་སྤྱི་རྫས། འཇམ་དཔལ་གྱི་ལྕགས་སྨྱུག དཔའ་བོའི་མཚོན་ཆ། ལྟ་བུ།
རྟེན་དང་བརྟེན་པའི་འབྲེལ་བ་ནི། དཔེར་ན། བང་མཛོད་ཀྱི་འབྲུ། ཡལ་འདབ་ཀྱི་བྱིའུ། གངས་ཀྱི་སེང་གེ བྲག་གི་འུག་པ། ཞིང་ནང་གི་མྱུ་གུ ཁང་སྟེང་གི་མི། ལུང་ཆེན་གྱི་ཆུ། ལམ་གྱི་འགྲུལ་པ། གེ་སར་གྱི་སྦྲང་མ། ནགས་དཀྱིལ་གྱི་རི་དྭགས། པད་ཚལ་གྱི་ངང་པ། ནམ་མཁའི་བྱ། རྒྱ་མཚོའི་ཉ་མོ་དང་། ད་དྲག་ཐོབ་པའི་དབང་གིས། ཕྱི་རོལད་ཀྱི་མི་ལྟ་བུའོ། །
ཚིག་རྐང་གི་ཁ་སྐོང་ཚེ་ཡི་ཐོབ་པ་ནི། དཔེར་ན། དཔལ་ལྡན་ས་ཡི་དབང་ཕྱུག་ཆེ། །ལྟ་བུ་ཡིན་ལ། ཚིགས་བཅད་ཀྱི་རྐང་པ་སྐོང་ཚེ་མ་གཏོགས་ཡི་མི་ཐོབ་བོ། །
ཀྱི་ལ་སོགས་པ་རྣམས་རྣམ་དབྱེའི་དོན་མ་ཡིན་པ་གཞན་ལའང་འཇུག་པ་ཡོད་དེ། དཔེར་ན། འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ །ངེད་ཅག་ནི་རང་རྒྱལ་གྱི་མི་ཡིན་གྱི། ཕྱི་རྒྱལ་བ་མ་ཡིན་ནོ། །དེ་ལྟར་ཀྱི་སོགས་མི་མཐུན་པའི་ཚིག་རྒྱན་ལ་འཇུག་པ་ཡོད།
ནམ་མཁའི་ཉི་མ་ལྟ་བུ་འ་མཐའ་ཅན་ལ་ནམ་མཁའ་འི་ཉི་མ་ཞེས་ཐོབ་མོད། སྐད་གསར་བཅད་ལ་ཡི་གེ་ཟོར་ཡང་བའི་ཆེད་དུ་འ་མཐའ་ཕལ་ཆེར་བསྡུས་པ་བཞིན་འདིར་ཡང་འི་སྦྱར་ཚེ་འ་མཐའ་དེ་བསྡུས་པ་ཡིན་ནོ། །
རྣམ་དབྱེ་གསུམ་པ་བྱེད་པ།
སྔར་གྱི་ཀྱི་གི་གྱི་འི་ཡི་ལྔ་ལ་མཐའ་རྟེན་ས་སྦྱར་བའི་ཀྱིས་གིས་གྱིས་འིས་ཡིས་རྣམས་འཇུག་པ་ཡིན་ལ། བྱེད་པ་པོ་གཙོ་བོར་སྟོན་པས་ན། བྱེད་པ་ཞེས་བརྗོད། དཔེར་ན། བདག་གིས་དཔྱད་ཅེས་བརྗོད་ཚེ། རྣམ་དབྱེ་སྦྱར་ས་བདག་བྱེད་པ་པོ་དང་། དཔྱད་པ་བྱེད་པ་པོ་དེས་བྱས་པའི་བྱ་བར་གོ་བ་ལྟ་བུའོ། །དཔེར་ན། ཁྱེད་ཀྱིས་བཤད། ཡབ་ཀྱིས་གསུངས། སྲས་ཀྱིས་ཉན། བདག་གིས་ཞུས། ཀྲུང་དབྱང་གིས་ཐག་བཅད། ཀུན་གྱིས་དང་ལེན་བྱས། ཁེམ་གྱིས་ཕྱར། གསེར་གྱིས་ཉོས། ཞལ་གྱིས་བཞེས། ལྟ་བུ་དང་། ད་དྲག་གི་མཐར་ཀུནད་ཀྱིས་བཤད། ལྟ་བུ་དང་། རལ་གྲིའིས་གཏུབ་ལྟ་བུ་སྐད་གསར་བཅད་ལ་རལ་གྲིས་གཏུབ་ལྟ་བུ། ལག་པས་བཟུང་། མགོ་བོས་བཏུད་སོགས་ལྟ་བུ་དང་། སྐང་པ་སྐོང་ཚེ། ནམ་མཁའི་ལམ་ནས་ཆོ་འཕྲུལ་དུ་མ་ཡིས། །ལྟ་བུའོ། །
ཀྱིས་སོགས་རྣམ་དབྱེ་གསུམ་པ་མ་ཡིན་པ་ལའང་འཇུག་པ་ཡོད་དེ། དཔེར་ན། ཁྲ་ལམ་གྱིས་མཐོང་ཞེས་པའི་གྱིས་ནི་མཐོང་ཚུལ་སྟོན་པའི་ཚིག་ཕྲད་ཙམ་དང་། རིམ་གྱིས་བསྒྲུབ་ལྟ་བུའི་གྱིས་ནི་སྒྲུབ་ཚུལ་སྟོན་པའི་ཚིག་ཕྲད་ཙམ་དང་། ཡུད་ཀྱིས་སོང་ལྟ་བུའི་ཀྱིས་ནི་འགྲོ་བའི་མྱུར་ཚད་སྟོན་པའི་ཚིག་ཕྲད་ཙམ་དང༌། ལྷུན་གྱིས་གྲུབ་ལྟ་བུའི་གྱིས་ནི་གྲུབ་ཚུལ་སྟོན་པའི་ཚིག་ཕྲད་ཙམ་མོ། །
དམུ་དགེ་བསམ་གཏན་གྱིས་བརྩམས་པའི་བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས། བརྡ་སྤྲོད་རིག་པའི་དཔེ་ཚོགས། ཤོག་ངོས། 39 ལས་ཟུར་བཏོན་ཞུས།
མཆན། ཟུར་འདོན་པས་བརྡ་ཁྲིམས་གཅེས་སྲུང་གིས་མིང་མཐའ་པ་པོ་གར་འཐོབ་ལ་དེ་བཞིན་བཅོས་ཏེ་ཟུར་བཏོན་ཞུས་ཡོད་པས། རང་བབ་ལས་བརྒལ་བའི་ཚད་དུ་སོང་ཡོད་ཚེ། སྙིང་ནས་བཟོད་གསོལ་ཞུ་རྒྱུ་ལགས།