གངྒཱའི་ཆུ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་༢༠༡༠ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ་ནས་ཆེད་དུ་གསར་བསྐྲུན་བྱས།

Blog Archive

About Me

གངྒའི་ཆུ་རྒྱུན།
གངྒཱའི་ཆ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་རིག་གཞུང་ལ་དོན་གཉེར་ཆེ་བའི་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་གསར་བསྐྲུན་བྱས་པ་ཞིག་ཡིན།
View my complete profile

རྩོམ་སྒྲིག་ཚོགས་མི

༢༠༡༠ ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ།
སློབ་སྟོན་པ། བེ་རི་འཇིགས་མེད
རྩོམ་སྒྲིག་པ། ནོར་བུ་ཉི་མ། བསྟན་འཛིན་དགེ་རྒྱས་སོགས།།
གངྒཱའི་ཆུ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་༢༠༡༠ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ་ནས་ཆེད་དུ་གསར་བསྐྲུན་བྱས།

དྲ་ངོས་བཀླག་གྲངས།

Powered by Blogger.

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

Followers

Wednesday 2 January 2013

ལྷ་མོའི་སེམས་གཏམ།

ངའི་མིང་ལ་ལྷ་མོ་ཟེར། ལྷ་སྐྱིད་དང་ངེད་གཉིས་མ་སྤུན་ཡིན་པ་མ་ཟད། ཆུང་དུས་ནས་བཟུང་རྩེ་ཞོར་དགོད་ཞོར་དུ་ཆེར་སྐྱེས་པའི་རྩེ་རོགས་ཀྱང་ཡིན། གནའ་མི་བོད་ཀྱི་གཏམ་དཔེ་ལ། ཕོ་སྟག་ལོ་བ་དཀོན། མ་འབྲུག་ལོ་བ་དཀོན། ཟེར་བ་ལྟར། ལྷ་སྐྱིད་ཀྱི་ལོ་སྙིང་འབྲུག་ཡིན་པ་དང་། ཡག་མོ་སྒོ་དང་སེམས་བསམ་པ་གང་གི་ཐད་ནས་བཤད་ནའང་ཁོ་མོ་ནི་ང་ཚོའི་སྡེ་བའི་བུ་མོ་རྣམས་ཀྱི་གཙུག་རྒྱན་ཡིན་པས། ཕོ་གསར་ཚོས་ཁོ་མོ་ལ་སེང་ལྕམ་འབྲུག་མོ་ཞེས་པའི་མཚན་སྙན་ཞིག་བཏགས་ཡོད་པ་དང་། འགའ་ཞིག་གིས་ཡིད་འཕྲོག་ལྷ་མོ་ཞེས་ཀྱང་འབོད། ཁོ་མོ་ལོ་བཅོ་ལྔར་སོན་པའི་དུས་ནས་བཟུང་། གཉེན་སློང་མཁན་དང་འབྲེལ་འཛིན་མཁན་རྒྱུན་ཆད་མ་མྱོང་། ཡིན་ན་ཡང་། ལྷ་སྐྱིད་ཀྱི་ཨ་ཕ་ནི་མི་ཨུ་ཚུགས་ཅན་ཞིག་ཡིན་པ་དང་། ཁ་ནས་ཚིག་ཤོར་ན། ཕྱིས་སུ་ནོར་སོང་བ་ཤེས་ན་ཡང་ཡོ་བསྲང་མི་བྱེད་པར་ནོར་བ་རྒྱུན་འབྱམས་སུ་གཏོང་མཁན་ཞིག་ཡིན་ཞིང་། ཕོ་རབ་ཚིག་ཐོག་དང་། འཕར་བ་རྗེས་ཐོག ཟེར་བ་ནི་ཁོའི་མན་ངག་ཡིན་ལ། ཁྱིས་མི་བཟའ་ལྕགས་དང་། མིས་མི་བཟའ་མནའ་ཡིན། ཟེར་བ་ནི་ཁོའི་གཏན་ཚིགས་ཤིག་རེད། དེའི་ཁར་ལྷ་སྐྱིད་ད་དུང་ཨ་མའི་མངལ་ན་མཆིས་པའི་ཚེ། ཨ་ཁུ་ཉི་མ་དང་ཁོ་གཉིས་ཀྱིས་གསང་གྲོས་ཤིག་བྱས་ཡོད་པས། ལྷ་སྐྱིད་གནས་ལ་མ་བྱིན། ཡིན་ན་ཡང་། ལྷ་སྐྱིད་ཀྱི་སེམས་ན་སྔ་མོ་ནས་བཟུང་སྙིང་ཉེ་བའི་གྲོགས་པོ་དང་བློ་གཏོད་སའི་དགའ་རོགས་ཤིག་ཡོད་པ་དང་། ཁོ་མོའི་སེམས་ན་ཡོད་པའི་མི་དེ་ང་ལའང་གསང་བ་བྱས་ཏེ་ཡུན་རིང་པོ་ཞིག་ལ་བཤད་ཁ་མ་ཉན། སྔོན་ཆད་ངའི་སེམས་ལ། ལྷ་སྐྱིད་ཕལ་ཆེར་ལྷུན་གྲུབ་ཀྱི་ཆུང་མ་བྱེད་རྒྱུ་རེད་སྙམ་ན་ཡང་། ཁོ་གཉིས་ཚིག་རྩོད་དྲག་པོ་བྱས་རྗེས་ངའི་བསམ་ཚུལ་དེ་ཡོངས་སུ་ནོར་འདུག་པ་ཤེས་སོང་།

            ང་ལ་ལྷ་སྐྱིད་ལྟ་བུའི་མོ་སྒོ་མེད་ལ། སེམས་བསམ་པའང་དེ་འདྲ་དྲང་རྒྱུ་མེད་པས། རང་དང་ལོ་ན་མཉམ་པའི་ཕོ་གསར་ཚོས་གཉེན་སློང་བ་མེད་ལ། ཐ་ན་ཀུ་རེ་རྩེད་མོ་ཙམ་རྩེ་མཁན་ཧ་ཅང་ཉུང་། ཡིན་ན་ཡང་། ལྷ་སྐྱིད་དང་ངེད་གཉིས་ཀྱི་འབྲེལ་བ་བཟང་བས། ཕོ་གསར་ལ་ལས་ཀྱང་དམིགས་ཡུལ་གཞན་པ་བཅངས་ན་ང་ལ་ཁ་ཡག་ངོ་དགའ་བྱས་པ་དང་། ངས་ལྷ་སྐྱིད་ཀྱི་ཁོག་ལོན་པ་དང་བསྟུན་ནས་ང་ལ་ཁ་ཡག་ངོ་དགའ་བྱེད་མཁན་ཡང་ཇེ་མང་ཇེ་མང་དུ་གྱུར། ངས་ཕོ་གསར་རྣམས་ཀྱི་རེ་བ་དེ་དག་ལྷ་སྐྱིད་ལ་གསང་སྟབས་ཀྱིས་བཤད་ཐེངས་རེར། ཁོ་མོའི་གདོང་ལ་ཁོང་འཛུམ་ཞིག་ལངས་ཏེ་མགོ་བོ་གཡུག་གཡུག་བྱེད་པ་ལས་ཁ་ཅི་ཡང་མི་གྲག་མོད། འོན་ཀྱང་། མགོ་བོ་གཡུག་པ་དེས་ཕོ་གསར་རྣམས་ཀྱི་སེམས་ལ་ཆུ་འཁྱག་བླུགས་པ་རེད། ངོ་མ་ཕོ་གསར་ཁ་ཤས་ལ་ལ་རྒྱ་ཟེར་བ་དེ་གཏན་ནས་མི་འདུག ལ་ལས་སྒོ་ཁྱིས་བདག་པོ་མཐོང་བ་ན་མགོ་སྒུར་ཞིང་རྔ་མ་གཡུག་པའི་ཚུལ་ལྟར་ཞུ་བ་བྱེད་པ་དང་། ཞུ་བ་བྱས་ཀྱང་མ་ཕན་ན་འཇིགས་སྣང་བསྐུར་བའང་ཡོད། འཇམ་རྩུབ་ཀྱི་ཐབས་ཤེས་ཅི་འདྲ་བཀོལ་ཡང་རུང་། ལྷ་སྐྱིད་ཀྱི་བསམ་པ་ནི་རི་རྒྱལ་ལྷུན་པོ་ལྟར་གཡོ་བ་མེད་པ་དང་རྡོ་རྗེའི་བྲག་རི་ལྟར་འགྱུར་བ་མ་བྱུང་། སྐབས་དེར། ངའི་བློ་ཡུལ་ལས་འདས་པའི་དོན་དག་ཅིག་བྱུང་བ་དང་། དོན་དག་དེས་ངས་རང་གི་གྲོགས་མོའམ་སྤུན་མཆེད་ལ་མགོ་བསྐོར་མི་གཏོང་ཀ་མེད་འབྱུང་དུ་བཅུག
            ཉིན་ཞིག་ལ། ཨ་རྒྱ་རིག་ཡག་གིས་ལག་ཕྱིས་མེ་ཏོག་ཅན་ཞིག་གི་ནང་དུ་ཀ་ར་རྒྱ་མ་གང་གཅུད་ནས་ང་ལ་ཁ་རོག་ཏུ་བྱིན་ནས་ལྷ་སྐྱིད་ལ་སྟེར་ཐབས་བྱོས། ཟེར། ངས་ཁོ་ལ། སྟེར་མི་ཐུབ། ཅེས་བཤད་ཀྱང་ཁོས་ང་ལ་ཞུ་བ་ནན་གྱིས་བྱས་སྟབས། གཅིག་ན་ཁོ་མི་དྲང་མོ་ཞིག་ཡིན་པ་དང་། གཉིས་སུ་ཁོའི་ཚུགས་ཀར་བལྟས་ན་སྙིང་རྗེ་བ་ཞིག་འདུག་པས་ངས་ཀྱང་ཁོའི་རེ་བ་སྐོང་རྒྱུའི་ཁས་བླངས་པ་ཡིན། ཁོའི་གདོང་ལ་འཛུམ་གྱིས་ཁེངས་ཏེ་ཁ་ཕྱིར་འཁོར་ནས་འགྲོ་སྐབས། ངའི་སེམས་ལ་ཨ་རྒྱ་རིག་ཡག་གིས་ལྷ་སྐྱིད་ལ་རེ་བ་བྱེད་པ་ནི་སྦལ་བ་ན་ཁུང་ནང་བསྡད་དེ་བསམ་པ་གླིང་དཀར་སྟོད་ལ་སོང་ཟེར་བའི་ཟླ་ལ་གྱུར་འདུག་སྙམ། ཉིན་དེའི་དགོང་མོ། ངས་རིག་ཡག་གི་འཚམས་རྟགས་དེ་འཁྱེར་ནས་ལྷ་སྐྱིད་ཚང་ལ་སོང་བ་དང་། དོན་དག་གཞན་པ་ཞིག་ལ་ཁ་གཡར་ནས་ཁོ་མོ་སྒོ་ཁར་བོས་ཏེ།
            ལྷ་སྐྱིད། དེ་རིང་ཡང་འཚམས་རྟགས་ཤིག་འདུག མོ་སྒོ་ཡག་ན་ཡོང་སྒོ་མང་ཟེར་བ་དེ་ངོ་མ་རེད། ཅེས་བཤད་པ་ལ།
            ཁོ་མོ་ཅུང་ཟད་ཁོང་ཁྲོ་ལངས་པའི་ངང་ནས། མ་བཅོལ་བའི་ལས་ཀ་དེ་ཚོ་ཁྱོད་ཀྱིས་ལས་མི་དགོས། མི་གཙང་བའི་ཡོང་སྒོ་དེ་ཚོ་ང་ལ་མི་དགོས། དགོས་ན་ཁྱོད་རང་གིས་ཁྱེར། ཟེར།
            མ་དགོས་ན་རྒྱ་སྒོ། མ་བྱིན་ན་མྱི་ཁ། ཕྱིན་ཆད་འགྱོད་པ་མ་སྐྱེས་ཨང་།
          འེ། ཅུང་ཞིག་སྒུགས་དང་། འདི་སུའི་རེད།
          ཁྱོད་ལ་མི་དགོས་ན་སུའི་ཡིན་ཀྱང་ཡིན་དུ་ཆུག ང་ཕྱིར་འགྲོ་རྩིས་བྱས་པ་ལ་། ཁོ་མོས་ངའི་སྐྲའི་ལན་བུ་ནས་འཇུས་ཏེ། ཨ་ཆེ་ལོ་ལོ། དྲང་མོར་ཤོད། སུའི་རེད། ཅེས་དྲིས།
            ངས་མཆུ་ཐོ་ཐོ་བྱས་ཏེ་ཚེ་རིང་ཚང་གི་ཕྱོགས་སུ་བསྟན་ནའང་། མཚན་མོ་སྨག་ནག་པས་ལྷ་སྐྱིད་ཀྱིས་བརྡ་དེའི་ཧ་མ་གོ་བར། མྱུར་མོར་ཤོད་དང་། ཨ་ཆེ་ལོ་ལོ། དྲང་མོར་བཤད་ན་ངས་ཁྱོད་ལ་གླ་སྟེར། ཟེར།
            གླ་ཅི་ཞིག་སྟེར་རྒྱུ།
          འདི། ལྷ་སྐྱིད་ཀྱིས་ལག་ཕྱིས་ནང་གི་ཀ་ར་ཚང་མ་ངའི་རུམ་ལ་བླུགས།
            ཁྱོད་ལ་བྱིན་པའི་ཀ་ར་ཚང་མ་ངས་ཟོས་ན་གནས་ལུགས་དང་མི་མཐུན་ལ། གཞན་ན་སྙིང་ན་མཁན་ཡང་ཡོད་ཀྱི་རེད། དེར་མ་ཟད། ཁྱོད་ཀྱང་འགྱོད་པ་སྐྱེས་ངེས་རེད།
          མི་ཡི་སེམས་ལ་མ་དྲན་གོང་དུ་འདྲེ་ཡི་ཁོག་ལ་འཆར་ཟེར་བ་ངོ་མ་རེད། དྲང་མོར་ཤོད། ང་འགྱོད་པ་མི་སྐྱེས།
          ཁྱོད་ཀྱི་ཁྱིམ་མཚེས་ཚང་གི་མི་ཞིག་རེད།
          ཚེ་རིང་ཨེ། རེད་ཨེ། ཨ་ཆེ་ལོ་ལོ་གཞན་ལ་མ་བཤད།
          ངས་ཀ་ར་ཚང་མ་མོ་ལ་ཕྱིར་བྱིན་པ་ཡིན།
          ཕྱི་ཉིན་ཞོགས་པར། ངེད་གཉིས་མཉམ་དུ་ཆུ་ལེན་དུ་འགྲོ་སྐབས། ལྷ་སྐྱིད་ཀྱིས་རིག་ཡག་གིས་བྱིན་པའི་ལག་ཕྱིས་དེ་མགོ་ལ་དཀྲིས་ཡོད་པས། ཁོ་མོ་ངའི་མགོ་སྐོར་འོག་ཏུ་ཐེབས་པ་ངས་ཤེས་ན་ཡང་། ངས་ཀྱང་ལག་ཕྱིས་དེ་ཚེ་རིང་གིས་བྱིན་པ་ལྟར་བྱས་ནས་གསང་བ་དེའི་མཐིལ་མ་བརྟོལ་ལ་བརྟོལ་ཀྱང་ཕོད་པ་མི་འདུག གང་ལྟར་ཚེ་རིང་དང་རིག་ཡག་གཉིས་ཀ་སྤུན་ཟླ་ཡིན་པས། སྤུན་ཟླ་གཉིས་ལ་ཁྱད་ཅི་ཡོད་སྙམ་སྟེ་ཁ་རོག་ལ་བསྡད་པ་ཡིན། ཁོ་མོས་ང་ལ་ཀ་ར་སྤར་བ་གང་བྱིན་ནས། ཁྱོད་ངེད་གཉིས་བར་གྱི་ཟམ་པ་དང་བར་བ་ཡིན་པས། འདི་ཁྱོད་ཀྱི་སྐལ་ཡིན། ཟེར། ལམ་ཁར་ཁོ་མོས་ཚེ་རིང་བཟང་ཚུལ་རྒྱན་ཚུལ་གྱི་གཏམ་མང་པོ་ང་ལ་བཤད་པ་དང་། སྐབས་རེར་མགོ་ཡི་ལག་ཕྱིས་བླངས་ནས་ཕུར་ཕུར་བྱས་པ་དང་། སྐབས་རེར་ལག་ཕྱིས་རུམ་ལ་བཅུག་ནས་བྲང་ལ་དམ་པོར་སྦྱོར་ཞིང་། ཚུལ་དེ་ནི་བྱིས་པ་ཆུང་ཆུང་ཞིག་ལ་རྩེད་སྤྱད་ཡག་པོ་ཞིག་ཐོབ་པའི་ངང་ཚུལ་དང་ཨ་ན་མ་ན་རེད།
            ཨ་ཆེ། ཁྱོད་ཀྱིས་བལྟས་ན་ཚེ་རིང་ཅི་འདྲ་རེད། ངེད་གཉིས་ཀྱིས་ཆུ་ཁུར་ནས་ཕྱིར་ལོག་སྐབས་ཁོ་མོས་གློ་བུར་དུ་ང་ལ་དེ་ལྟར་དྲིས།
            ཚེ་རིང་ཨེ། སུ་ཚང་གི་ཚེ་རིང་། ངས་ཁོ་མོའི་ཚིག་དོན་གོ་ཡང་མ་གོ་ཁུལ་བྱས་ནས་དེ་ལྟར་དྲིས།
            ཚེ་རིང་གཅིག་མ་གཏོགས་གཉིས་གང་ན་ཡོད། ཁྱམ་མེ་ཁྱོམ་མེ་མ་བྱེད།
          འོ། ཚེ་རིང་ཨེ། བཤད་རྒྱུ་མི་འདུག བློ་རིག་པ་དེ་རྣོ། ཡག་ཕོ་སྒོ་དེར་ཡོད། དེ་མི་བཟང་ན་སུ་བཟང་རྒྱུ།
          དབྱར་གཞུང་གི་ཞོགས་པའི་མཁའ་དབུགས་གྲང་མོ་ཡིན་ན་ཡང་། ལྷ་སྐྱིད་ཀྱི་གདོང་ལ་དམར་མདངས་རྒྱས་ཤིང་སེམས་ལ་དྲོད་རྒྱུན་ཞིག་གིས་ཁྱབ་འདུག ཁོ་མོས་སེམས་ཀྱི་དགའ་སྣང་གནོན་མ་ཐུབ་པར། ང་ལ་ཁུ་ཚུར་གྱིས་གཞུ་ཅི་ཐུབ་བྱས་སྟབས། ངའི་ལུས་ལ་ན་ཟུག་ཕྲ་མོ་བར་མེད་དུ་སྐྱེས་སུ་བཅུག ཁོ་མོས་ང་ལ་ཁུ་ཚུར་གཞུ་སྐབས་ཤེད་ཤུགས་ཆེ་དྲགས་པས་རྒྱབ་ཀྱི་ཟོ་བའི་ནང་གི་ཆུ་འཁྱོམས་ཏེ་ཁོ་མོའི་གཉའ་བ་རློན་པར་སྦངས་པ་དང་། ལུས་ལ་དྲོད་རྒྱས་ཡོད་སྟབས་ལྷ་སྐྱིད་གཉའ་བའི་ལྟག་ཀ་ནས་རླངས་པ་ཐུལ་གྱིན་འདུག
            སྡེ་འདབས་སུ་སླེབས་པ་ན། ཁོ་མོས་དངུལ་གྱི་མཛུབ་དཀྲིས་ཤིག་བླངས་ཏེ་ང་ལ་བྱིན་པ་དང་། གདོང་ལ་སྐྱེངས་པའི་ཉམས་དང་བཅས་ཏེ། འདི་ངའི་ལན་ཡིན། གཞོན་ནུ་མ་ཞིག་གི་བསམ་པའི་བརྩེ་དུངས་འདི་ལ་བཅོལ་ཡོད་པས། ཨ་ཆེ་ཁྱོད་ཀྱིས་མི་མ་ནོར་བར་སྟེར་རོགས་གྱིས། ཟེར།
            དེ་དུས་ཚེ་རིང་གི་ནད་སངས་དྲགས་བྱུང་ནས་ངལ་རྩོལ་བྱེད་ཀྱིན་ཡོད་པས། ངས་ཉིན་དཀར་ལས་ཀ་ལས་སྐབས་གོ་སྐབས་འོས་འཚམས་ཤིག་བཙལ་ནས་མཛུབ་དཀྲིས་དེ་ཁོ་ལ་སྟེར་ཐབས་བྱ་དགོས་སྙམ། ཡིན་ན་ཡང་། དེ་དུས་སྐྱེས་མ་ཚོས་ཡུར་མ་ཡུར་དགོས་པ་དང་། སྐྱེས་པ་ལ་ལས་ཞིང་ལ་ཆུ་གཏོང་གི་ཡོད་ཀྱང་། ཚེ་རིང་ནི་ངལ་རྩོལ་གྱི་གྲས་སུ་ཞུགས་མ་ཐག་ཡིན་པས་ཆུ་གཏོང་མཁན་གྱི་གྲས་ན་མི་འདུགས་པས་ངས་ཉིན་འགའ་ཞིག་གི་རིང་ལ་མཛུབ་དཀྲིས་དེ་སྟེར་ཐབས་མ་རྙེད། རིག་ཡག་ནི་ཆུ་གཏོང་མཁན་ཡིན་པས་ཁོས་ལྷ་སྐྱིད་ཀྱི་མགོ་ཡི་ལག་ཕྱིས་མེ་ཏོག་ཅན་དེ་རིག་སྐབས། གདོང་ལ་འཛུམ་ཞིག་ལངས་ཡོད་པ་དང་། གོ་སྐབས་ཡོད་ཚད་བཙལ་ནས་ལྷ་སྐྱིད་ལ་ཁ་བརྡ་བྱེད་པ་དང་། ག་ལེར་ལྷ་སྐྱིད་ལ་རོགས་བྱས་ཏེ་ཡུར་མ་ཡུར་བ་དང་། དགོང་མོ་ལས་མཚམས་གྲོལ་ནས་ཕྱིར་ལོག་ཁར། ཁོ་རང་འགུལ་གྱིས་སོང་ནས་ལྷ་སྐྱིད་ཀྱི་ལྡུམ་བུ་སླེ་བོ་ནང་འཇུག་རོགས་བྱེད་པ་སོགས་རོགས་བྱེད་ས་རྙེད་ཚད་ལ་རོགས་བྱེད་ཀྱིན་འདུག དེར་ངའི་ཁོག་ནས་དགོད་ཁ་ཤོར་ན་ཡང་མི་ཤེས་ཁུལ་བྱས་ནས་བསྡད་པ་ཡིན། ལྷ་སྐྱིད་ཀྱིས་མཛུབ་དཀྲིས་སྟེར་ཐུབ་མིན་གྱི་སྐོར་ཡང་ཡང་དྲིས་པས་ང་ཡང་བྲེལ་བ་ཆེན་པོ་ལངས་བྱུང་། ད་ནི་ཉིས་ཡུར་གྱི་མགོ་བརྩམས་མ་ཐག་ཡིན་པས། ཉུང་མཐར་ཡང་ཟླ་གཅིག་ཙམ་ལ་ཚེ་རིང་དང་འཕྲད་པའི་གོ་སྐབས་མི་འདུག ད་ཅི་བྱ་སྙམ་ཞིང་ཡོད་ཙ་ན། ངའི་ཁོག་ལ་བློ་གསར་བ་ཞིག་སྐྱེས་བྱུང་།
            ཉིན་ཞིག་གི་སྔ་དྲོ། རིག་ཡག་གཅིག་པུས་ཞིང་གྲུ་བཞི་རིང་པོ་ཞིག་ལ་ཆུ་གཏོང་བཞིན་ཡོད་པས། ང་སྒོར་འབུད་ཁུལ་གྱིས་རིག་ཡག་གི་གམ་ལ་སོང་ནས། ཨ་རྒྱ་རིག་ཡག ཁྱོད་འདིར་ཤོག་དང་། ང་ལ་དོན་དག་གལ་ཆེན་ཞིག་ཡོད། ཅེས་གཞན་གྱིས་མི་རིག་སའི་ཞིང་གཉའ་ལ་སྐད་བཏང་བ་ཡིན། དེར་ངས་ཁོ་ལ་སྔོན་ཆད་ངས་ཁོ་ལ་རོགས་བྱས་ཚུལ་དང་། ད་ལྟ་ཁྱོད་ཀྱིས་ང་ལ་རོགས་བྱེད་དགོས་ཞེས་བཤད་པས། ཁོ་རང་དགའ་སྤྲོའི་ངང་ནས། ལོས་བྱེད་ལོས་བྱེད། མྱུར་མོར་ཤོད། ཟེར།
            འདི་ཚེ་རིང་ལ་སྟེར་ཐབས་བྱོས། ངས་མཛུབ་དཀྲིས་དེ་ངའི་ཡིན་པའི་ཁུལ་གྱིས་ཅུང་ཟད་ངོ་ཚ་བའི་རྣམ་འགྱུར་དང་བཅས་ཏེ་ཁོ་ལ་བྱིན་པ་ལ། ཁོས་ང་ལ་ཐེ་ཚོམ་གྱི་ངང་ནས་མིག་ཧྲིག་གེར་ལྟ་བཞིན། ངས་བྱིན་ཆོག་ཀྱང་། ཚེ་རིང་གིས་ལེན་མིན་མི་ཤེས། ལེན་ཁ་མ་ཉན་ན་ང་ལ་ལེ་མ་འདེད་ཨང་། ཟེར།
            ཡིན་གཅིག་མིན་གཉིས་ལེན་དུ་འཇུག་དགོས། གལ་ཏེ་ཁོ་ལ་གྱོན་འདོད་མེད་ན་ང་ལ་ཕྱིར་བྱིན་པས་ཆོག འོན་ཀྱང་། ཁྱོད་ཀྱིས་ཕྱིར་ཁྱེར་ཡོང་ན་མི་ཆོག ཁོ་རང་ལ་ཕྱིར་སྤྲོད་དུ་ཆུག  ཨེ་གོ་ཐལ།
          རིག་ཡག་ཁོང་དགོད་བྱེད་བཞིན་མཛུབ་དཀྲིས་དེ་ཨམ་ཕྲག་ནང་ལ་བཅུག་པ་དང་། དེ་ལས་སླ་མོ་ཞིག་རེད། ཟེར།
            ཡུར་མ་ཡུར་ཚར་སོང་། སྔོ་ལྗང་ལྗང་དུ་སྐྱེས་པའི་ལོ་ཏོག་རྣམས་འཇམ་ཞིང་བསིལ་བའི་རླུང་གི་ཁྲོད་ན་ཕར་ཡོ་ཚུར་ཡོ་བྱེད་པ་དང་། ཞིང་ཚིགས་སུ་སྐྱེས་པའི་ཡུལ་སིལ་ཁམ་བུསྡོང་བོའི་མགོ་ལ་སིལ་ཏོག་སྐྱ་རྡོ་མ་སྨིན་པའི་སིལ་ཏོགརྣམས་མདུད་ལོག་བརྒྱབ་ནས་ཐོགས་འདུག མི་འགྱངས་པར་སྔོ་ཞིང་ལྗང་བའི་ལོ་ཏོག་རྣམས་ཀྱིས་གསེར་ལྟར་སེར་བའི་ཕྱི་གོས་གྱོན་ངེས་ཡིན་ལ། སྟོན་གསུམ་གྱི་དུས་ཚིགས་དེ་སླེབས་ན། སྟོན་ཏོག་བརྔ་བ་དང་གཡུལ་གཅོག་པ། འབྲུ་རིགས་མཛོད་དུ་བསྡུ་བ་སོགས་ལས་ཀ་བྲེལ་བ་ཆེ་བས། ལོ་རྒྱུན་གྱི་ལུགས་སྲོལ་ལྟར་ཡུར་མ་ཡུར་ཚར་རྗེས་ཉིན་གསུམ་ལ་ངལ་གསོ་བྱེད་པ་དང་། ངལ་གསོ་བྱེད་སྐབས་ཤ་རེ་བཤས་ནས་འཚོ་བ་ལེགས་བཅོས་བྱེད་པ་ཡིན། ཉིན་དེར། ང་ཤ་བཙོ་མཁན་ཡིན་པ་དང་། ཚེ་རིང་ནི་ནང་ཁྲོལ་འཁྲུད་མཁན་རེད། ནང་ཁྲོལ་མ་བཀྲུས་གོང་ལ་ཤ་བཙོ་རྒྱུ་ཅང་མེད་པས། ང་ཚོས་ཀྱང་རྒྱུ་མ་འཁྲུད་རོགས་བྱས་པ་ཡིན། ངས་ཆུ་དྲོད་འཇམ་ཟངས་དེམ་གང་ཁྱེར་ནས་བསམ་བཞིན་དུ་ཚེ་རིང་ཡོད་སར་སོང་བ་ལ། ཁོས་ང་ལ་འཛུམ་ཞིག་བསྟན་ནས། ཁྱོད་ཀྱིས་ང་ལ་རོགས་བྱེད་རྒྱུ་ཡིན་ནམ། ཟེར།
            དེར་ཁོས་ཁྲག་རྒྱུ་རིང་བོ་ཞིག་བཟུང་ནས། འོ་ན་ཆོག་གི འགྲོ ཕ་གིར་འགྲོ ཟེར། མི་མེད་སའི་ཕ་བོང་ཆུང་ཆུང་ཞིག་གི་རྩ་ལ་སླེབས་རྗེས། ཁོས་ཁྲག་རྒྱུའི་ནང་གི་བཙོག་པ་རྣམས་ལག་པས་འདེད་ཞོར་དུ། མདང་ཕྱིས་ཉིན་འགའི་སྔོན་གྱི་མཛུབ་དཀྲིས་དེ་ཁྱོད་ཀྱིས་ང་ལ་བྱིན་པ་ཡིན་ནམ། ཟེར།
            ངས་ཁོ་ལ་ཉམས་སད་ཅིག་བྱེད་དགོས་སྙམ་ནས་ཡིན་པའི་བརྡ་ལ་མགོ་བོ་གུག་ཙམ་བྱས་པ་ཡིན།
            ཁྱོད་ཀྱིས་ང་ལ་དེ་འདྲའི་བརྩེ་དུངས་བཅངས་པ་ངོ་མ་བཀའ་དྲིན་ཆེ། ཁོ་ངས་ངའི་གདོང་ལ་མིག་ཞགས་ཤིག་འཕངས་པ་དང་། ང་རང་དོགས་མི་བདེ་བའི་སྣང་བ་ཅི་ཡང་མེད་པ་རིག་ནས། མུ་མཐུད་ནས་རྒྱུ་མ་འདེད་ཞོར་དུ། ཡིན་ན་ཡང་། ཧེ། ཁོ་གད་མོ་ཞིག་བགད་པ་དང་། ཚུགས་ཀ་ལ་བལྟས་ན་ངའི་ངོ་ཆོད་ཀྱི་མེད་པ་འདྲ། ངོ་མ་བཤད་ན། ང་ལ་དགའ་རོགས་ཡོད།
          འོ། ཁྱོད་ཀྱི་དགའ་རོགས་སུ་ཡིན་ནམ། ངས་བསམ་བཞིན་དུ་དེ་ལྟར་དྲིས།
            ད་དུང་མི་གཅིག་ལའང་བཤད་མི་ཉན། རྗེས་སོར་ངས་མ་བཤད་ནའང་ཁྱོད་ཀྱིས་ཤེས་ངེས་རེད།
          ངས་སེམས་སྡུག་པའི་རྣམ་འགྱུར་ཞིག་བསྟན་ནས་ཁ་རོག་ལ་བསྡད་པ་ཡིན། ཚེ་རིང་ལ་ཡང་བཤད་རྒྱུ་ཅི་ཡང་མེད་པར་རེ་ཞིག་ལུས་པ་དང་། དེ་ནས་ཁོས་ཨམ་ཕྲག་བསྔོགས་ནས་མཛུབ་དཀྲིས་དེ་ཕྱིར་བླངས་ཡོང་ཞིང་། མགོ་སྒུར་ནས་མཛུབ་དཀྲིས་དེ་ལག་པ་གཡོན་པས་ངའི་མདུན་དུ་བསྲིངས་ནས་ཡོང་། ང་དགོད་རྒྱུ་ཡོང་ནས་བསྲན་མི་ཐུབ་ཀྱང་ཨུ་ཚུགས་ཀྱིས་བསྲན་ནས་གད་མོ་མ་བགད་ལ། མཛུབ་དཀྲིས་ཀྱང་མ་བླངས། སྐབས་དེར་ཁོས་གློ་བུར་དུ་མགོ་ཡར་བཀྱགས་ནས། [1] ཁྱོད་ཀྱི་མཛུབ་དཀྲིས་རང་གིས་ཕྱིར་ཁྱེར་ལ་སོང་། ཟེར།
            དངུལ་གྱི་མཛུབ་དཀྲིས་བྱིན་ཀྱང་གོན་འདོད་མེད་ན་སྡུག་གྱོང་རེད། ཕྱིན་ཆད་འགྱོད་པ་མ་སྐྱེས་ཨ།
            ཁོས་སླར་ཡང་ངའི་གདོང་ལ་གཅིག་བལྟས་པ་དང་། ད་ཐེངས་མིག་གི་མདངས་ལས་ཅུང་ཟད་མ་དགའ་བའི་ཉམས་ཤིག་དང་སུན་སྣང་སྐྱེས་པའི་ཉམས་ཤིག་ཤར་འདུག
            མཛུབ་དཀྲིས་དེ་ང་ལ་འབྲེལ་བ་ཅི་ཡང་མེད། གོན་འདོད་མེད་ན་རང་གིས་ལྷ་སྐྱིད་ལ་བྱིན། ཁྱོད་གཉིས་ཀྱི་མཛུབ་དཀྲིས་དེ་ང་ལ་བྱིན་ནས་ཅི་བྱེད།     
            ཁོའི་བློ་སེམས་ཉིས་འགལ་དུ་བཟུང་ནས། ང་ལ་མིག་ཅེ་རེར་བལྟ་བ་དང་ངའི་གདོང་གི་རྣམ་འགྱུར་དང་བསྟུན་ནས་ཚུར་བརྐྱངས་པའི་ལག་པ་དེ་རིམ་གྱིས་ཕར་བསྐུམས་ཤིང་། དངུལ་གྱི་མཛུབ་དཀྲིས་དེ་ལ་ཞིབ་ལྟ་ཞིག་བྱས་རྗེས། སླར་ཡང་ཨམ་ཕྲག་ནང་ལ་བཅུག་པ་དང་། ང་ལ་འཛུམ་ཞིག་བསྟན་ནས། ཁྱོད་ཁོང་ཁྲོ་མ་ལང་། ཟེར།
            ཧིན། ཁོང་ཁྲོ་ལོས་ལང་། ཇ་ལན་དུ་གཅིན་བླུད་ན་ང་ད་དུང་གད་མོ་དགོད་དགོས་པ་ཨེ་རེད། ཕྱིན་ཆད་མི་ཁྱོད་ལྟ་བུ་ལ་བཟང་མི་བཅའ་ཁོ་ཐག་ཡིན།
            དེ་འདྲ་མ་བྱེད། ཕྱིན་ཆད་ངའི་སེམས་གཏམ་ཚང་མ་ཁྱོད་ལ་བཤད།
            སྐབས་དེར། ངས་མིག་གིས་ལྟ་ཕྱོགས་ཀྱིས་རིག་ཡག་ཚུར་འོངས་པ་མཐོང་བ་དང་། ཚེ་རིང་དང་ངེད་གཉིས་ཀྱིས་ཁ་བརྡ་བྱེད་བཞིན་པ་མཐོང་ནས་མྱུར་མོར་ཁ་ཕྱིར་འཁོར་ནས་བུད་སོང་། དེ་ནས་བཟུང་། རིག་ཡག་གིས་ང་མཐོང་མ་ཐག་ཚེ་རིང་གི་རྒྱུ་མཚན་རྣམས་བཤད་པ་དང་། བཤད་ཚར་རྗེས་ང་ལ་ལྷ་སྐྱིད་ཀྱི་གནས་ཚུལ་འདྲི་ཅི་ཐུབ་བྱེད། སྐབས་དེ་དག་ཏུ་ང་རིག་ཡག་ལ་སེམས་བསམ་པའི་གཏིང་ནས་སྙིང་རྗེ་ཞིག་སྐྱེས་པ་དང་། དངོས་ཡོད་དང་མི་མཐུན་པའི་ཁོའི་བྱིས་བློའི་རེ་སྟོང་དེ་ལ་རྒོད་བྲོ་བའི་སྣང་བ་ཞིག་སྐྱེས་སྟབས། ངས་ཀྱང་ལན་གཅིག་མིན་པར་སྐད་ཆ་དྲང་མོར་བཤད་དགོས་བསམས་ཀྱང་། ཁོས་ལྷ་སྐྱིད་ལ་བཅངས་པའི་བརྩེ་དུངས་ནི་ལྷག་བསམ་རྣམ་དག་ཅིག་ཡིན་པ་དང་། ལྷ་སྐྱིད་འདོད་པའི་བསམ་ཚུལ་ནི་དེ་ལྟར་ལྷང་ལ་བུད་ཡོད་པས། མེ་འབར་བའི་སེམས་ལ་ཆུ་འཁྱག་པ་ལྟ་བུའི་ཚིག་བཤད་འདོད་ང་ལའང་མི་འདུག་ཅིང་། གཞན་དུ་ན་ཁོ་ལ་འཕྲུལ་སྣང་དེ་འདྲ་ཞིག་སྟེར་མཁན་ནི་ང་རང་ཉིད་ལན་པ་ཡིན་པས། ངའི་སེམས་ལ་ནོངས་འགྱོད་ཚད་མེད་པ་ཞིག་སྐྱེས་འོངས། གང་ལྟར་ཡང་། ངས་ད་ལྟ་རིག་ཡག་ལ་བཟུང་བའི་རྣམ་འགྱུར་ནི་སྔར་དང་མི་མཚུངས་པ་དང་། ཉིན་གཅིག་ལ་ཁོ་མ་རིག་ནའང་སེམས་སྟོང་བ་ཞིག་ཡིན་པའི་ཚོར་སྣང་སྐྱེས་ཀྱིན་འདུག གལ་སྲིད་ངའི་བཅོས་མ་མིན་པའི་བརྩེ་དུངས་འདིས་ཁོ་ལ་མགོ་བསྐོར་བཏང་བའི་ཉེས་པ་དེ་འདག་པར་བྱེད་ཐུབ་རྒྱུ་ན། ངས་ཚེ་གང་བོར་ཁོ་ལ་ཞབས་གཡོག་བྱས་ཀྱང་མི་རུང་བ་ཅང་མེད། ཡིན་ན་ཡང་། རིག་ཡག་གི་རིག་པ་ཡོངས་སུ་བརྡིབས་ཏེ་ཟིན་དུ་མེད་པའི་འཇའ་རིས་གོས་སུ་གྱོན་འདོད་པ་དང་། སེམས་བསམ་པ་ཐམས་ཅད་ལྷ་སྐྱིད་ཀྱི་ཐོག་ལ་འཁོར་འདུག་པས། ང་ལ་ཁོའི་རྣམ་ཤེས་འགུག་སྤྱད་ཀྱི་ལྕགས་ཀྱུ་ནི་མེད། ད་ཅི་བྱུང་ན་ཡང་བྱུང་། ངས་ལག་པ་ཕུ་ཐུང་ནང་ལ་བཅུག་སྟེ་ལྟད་མོ་ལྟ་རྒྱུ་ལས་ཐབས་ཤེས་གཞན་ཅི་ཡང་མི་འདུག
            ཉིན་ཞིག་གོ་སྐབས་ཧ་ཅང་བཟང་བས་ངས་རིག་ཡག་ལ་ཁོའི་སེམས་ལ་དྲན་པ་རྣམས་ནི་སྟོང་སེམས་ཁོ་ན་ཡིན་ཚུལ་དང་། ནམ་མཁའི་འཇའ་ཚོན་མཛེས་ཀྱང་གོས་སུ་མི་རུང་ལ། ནགས་ཀྱི་སྟག་མོ་ངར་ཀྱང་སྒོ་ཁྱིར་མི་འོས་ཞེས་གསང་བརྡ་བཏང་ན་ཡང་། ཁོས་ང་ལ། གངས་དཀར་སེམས་ན་རྟ་མེད་ན། ཕུ་ཐུང་ནང་ལ་སྲབ་མི་འཛིན། ཟེར།
            རུས་སྦལ་གྱི་སྤུ་དང་མོ་གཤམ་གྱི་བུ་ཟེར་བ་དེ་ཨེ་གོ ཁྱོད་ཀྱི་སེམས་ན་ཡོད་པའི་རྟ་དེ་ཡང་དཔེ་དེ་དང་མཚུངས།
          ངས་ཐབས་ཅི་ཡོད་བཏོན་ནས་རིག་ཡག་གི་བློ་སྒོ་ཕྱེས་ན་ཡང་། ཁོའི་རིག་པའི་སྒོ་མོ་དེ་ནི་འབྱེད་དུ་མེད་པའི་སྒོ་ལྕགས་ལ་གསང་རྒྱ་བརྒྱབ་པ་དང་འདྲ་བར་བཙའ་དང་གཡའ་ཡིས་ཟོས་ཏེ་འབྱེད་མི་ཐུབ་པར་གདའ། རིག་ཡག་ལ་ཚིག་བཟང་བོ་བཤད་པ་ནི་སྤྱང་ཀིའི་རྣ་ལ་ཆོས་བཤད་པ་དང་འདྲ་བས་གཡོ་ཐབས་ཤིག་མ་བཀོལ་ན་རྨོངས་གཉིད་ལས་སད་ཐུབ་རྒྱུ་མ་རེད། དེ་ནས་ངས་ཨ་ཕས་རང་ལ་ཉོས་པའི་ལག་ཕྱིས་སོ་མ་ཞིག་ཡོད་པ་དེ་ཚེ་རིང་གིས་བྱིན་པའི་ཁུལ་གྱིས་ལྷ་སྐྱིད་ཀྱི་ལག་ཕྱིས་རྙིང་བ་དེ་དང་བརྗེས་སྤོར་བྱས་པ་དང་། ལག་ཕྱིས་རྙིང་བ་དེ་ང་རང་གིས་དཀྲིས་པ་ཡིན། ད་ཐེངས་རིག་ཡག་གི་རིག་པ་ངོ་མ་རྣོན་པོ་རེད། ཁོས་ལྷ་སྐྱིད་ལ་བྱིན་པའི་ལག་ཕྱིས་དེ་ངས་དཀྲིས་ཡོད་པ་མཐོང་མ་ཐག་དེའི་རྒྱུ་མཚན་གཏིང་འདྲི་ཡང་འདྲི་བྱས་བྱུང་།
            གཏིང་འདྲི་ཡང་འདྲི་བྱས་ནས་དགོས་པ་ཅི་ཞིག་ཡོད། ལྷ་སྐྱིད་ཀྱི་མགོ་ན་ལག་ཕྱིས་གསར་བ་ཞིག་ཡོད་པ་མ་མཐོང་ངམ། གཡག་ལ་ཆུ་འཐུང་འདོད་མེད་ན་གཉའ་ནས་གནོན་པ་ནི་ཐབས་རྡུགས་རེད། ང་ལ་ལག་ཕྱིས་སོ་མ་ཞིག་མ་དགོས་རྙིང་བ་ཞིག་ཀྱང་མེད་པས། ལག་ཕྱིས་འདི་ངས་བདག་པོ་བྱས་པ་ཡིན། དེ་ལ་ཡ་མཚར་རྒྱུ་ཅི་ཡོད། གལ་ཏེ་ཁྱོད་ཀྱིས་བློས་མི་ཐོངས་ན། མ་རང་གིས་ཕྱིར་ཁྱེར་ལ་སོང་།
            རིག་ཡག་གིས་ངའི་ཚིག་དེ་ཐོས་མ་ཐག་སྣ་ཕུ་ཞིག་བརྒྱབ་སྟེ་འཚུབ་ཉིལ་ལེར་ལོག་སོང་།
            ངའི་སེམས་ལ་ད་རེབ་ཀྱི་བཀོད་པ་འདི་འགྲིགས་སོང་སྙམ་པ་དང་། ད་ནི་ལྷ་སྐྱིད་དང་ཚེ་རིང་གཉིས་ཀྱི་བར་ལ་མུན་ནག་ལྐོག་མདའ་འཕེན་མཁན་དང་བར་ཆད་གཏོང་མཁན་མེད་པས། སྔ་མོ་ནས་བརྩེ་དུངས་ཀྱི་མདུད་རྒྱས་བཅིངས་པའི་མཛའ་མཐུན་གྱི་སེམས་དཀར་པོ་དེ་གཉིས་སྐད་ཅིག་ཙམ་ལའང་འབྲལ་བ་མེད་པར་གཞི་གཅིག་ཏུ་མཐུན་པར་བྱས་ཆོག་སྙམ། ཡིན་ན་ཡང་། རྗེས་སུ་ངས་རང་གི་བཀོད་པ་དེ་ནི་གླེན་རྟགས་ཤིག་ཡིན་པ་ཤེས་སོང་།
            ཚེ་རིང་སྟོང་འཁོར་ལ་སློབ་སྦྱོང་བྱེད་དུ་སོང་རྗེས། ལྷ་སྐྱིད་ནི་ཉིན་མོ་ཟས་ཟ་འདོད་མེད་ལ། མཚན་མོ་གཉིད་ཀྱང་ཁུག་འདོད་མེད་པར་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བས། གདོང་མདོག་སེར་ཞིང་སྐྱ་ལ་ལུས་ཀྱི་ཤ་ཡང་རིད་པར་གྱུར་ཏེ། མཆིན་ནད་བྱུང་ནས་ཟླ་འགར་ཉལ་སར་ལྷུང་བའི་ནད་པ་ཞིག་དང་འདྲ། ཚེ་རིང་དང་ཁ་བྲལ་བ་དེས་ཁོ་མོའི་སེམས་ལ་བཅོས་ཐབས་མེད་པའི་ནད་ཅིག་བྱུང་དུ་བཅུག སྙིང་ལངས་པ[2]་ཞིག་ལ། སྐབས་དེར་སྡེ་བའི་ནང་གཏམ་འདྲ་མི་འདྲ་བ་མང་པོ་གླེང་གིན་འདུག གཏམ་དེ་དག་ལ་རུ་རྟ[3]་དང་སྙིང་བོ་ཅི་ཡང་མི་འདུག་ཀྱང་། གལ་སྲིད་ལྷ་སྐྱིད་ཀྱི་རྣ་བར་ལྷུང་ན་བཟོད་སྒོམ་བྱེད་མི་ཐུབ་ཐག་ཆོད་རེད།
            སྙིང་བོ་མེད་པའི་གཏམ་གྱི་དུག་མདའ་དེ་དག་གིས་ངའི་ཐོས་འཛིན་གྱི་རྣ་བའི་བུ་ག་ལན་གཅིག་མིན་པར་ཕུག་པ་དང་། ངས་ཐབས་ཅི་ཡོད་ཀྱིས་ལྷ་སྐྱིད་ལ་གསང་བ་བྱས་ན་ཡང་། ཤོག་བུའི་ནང་ལ་མེ་མི་ཐུམས་པའི་དཔེ་ལྟར་ཉན་པ་ཙམ་གྱིས་རྣར་གཟོན་པའི་གཏམ་དེ་དག་ལྷ་སྐྱིད་ཀྱིས་ཀྱང་ཐོས་འདུག
            ཨ་ཆེ། ང་རིག་ཡག་གི་ཆུང་མ་བྱེད་པ་ལས་ད་ལྟ་ཉིད་དུ་འཆི་བ་དགའ།
            ལྷ་སྐྱིད། ཁོ་ཚོའི་ཁ་ནི་མེ་འབར་བ་དང་མཚུངས། རང་སེམས་ན་ཉེས་པ་མེད་ན་གཤིན་རྗེ་ལ་འཇིགས་རྒྱུ་ཅི་ཡོད། ལྕེ་འབལ་རྒྱུ་དེ་ཚོ། ཅི་བཤད་ནའང་བཤད་དུ་ཆུག དེ་ཚོ་ལ་ཁ་ཡ་བྱེད་མི་དགོས།
            ཨ་ཆེ། ལག་ཕྱིས་དེ་་་
            འོ། ལག་ཕྱིས་ཨེ། ཚེ་རིང་གིས་ཁྱོད་ལ་བྱིན་པ་ཡིན། ཁ་ཡ་མ་བྱེད། ཅི་བཤད་ནའང་བཤད་དུ་ཆུག ཁོ་མོ་སོམ་ཉིའི་སྒོ་ནས་ལག་ཕྱིས་ཀྱི་གནས་ཚུལ་འདྲི་སྐབས། ངའི་སེམས་ལ་ནོངས་འགྱོད་ཆེན་པོ་ཞིག་སྐྱེས་པའི་མོད་ལ། སྡུག་བསྔལ་བཟོད་གླགས་མེད་པ་ཞིག་བྱུང་ན་ཡང་། ངས་མུ་མཐུད་ནས་བརྫུན་གྱི་རྔ་མ་མི་སྐྱོང་ཐབས་མེད་བྱུང་།
            གང་ལྟར་ཡང་། སྡེ་བའི་མི་ཁ་དེ་ཚོ་ང་ལ་ཕན་པ་མི་འདུག ཐ་ན་ཕ་མ་གཉིས་ཀྱང་དེ་ལ་ཡིད་ཆེས་འདུག ཚེ་རིང་དང་ངེད་གཉིས་ཚེ་ཕྱི་མར་སྨོན་ལམ་རྒྱག་ན་མ་གཏོགས། ཚེ་ཐོག་འདི་ན་སྔོན་ལས་མི་འདུག ཨེ་་་ ཤུ ལྷ་སྐྱིད་གཏམ་ལ་ཤུགས་མེད་པ་དང་། མིག་མཐར་མཆི་མས་ཁེངས་ཏེ་དབུགས་རིང་ཡང་ཡང་གཏོང་བཞིན་འདུག
            ངས་ཁོ་མོ་ལ་སེམས་གསོ་ཇི་ལྟར་བྱས་ན་ཡང་ཁོ་མོའི་སྡུག་བསྔལ་གྱིས་མནར་བའི་སེམས་དེ་གསོ་མ་ཐུབ་པ་འདྲ།
            ལོ་དེའི་ལོ་གསར་ཚེས་པ་གསུམ་གྱི་ཉིན། རིག་ཡག་གི་ཨ་ཕ་ཉི་མས་སློང་ཆང་སོགས་ཁྱེར་ཏེ་ལྷ་སྐྱིད་ཚང་ལ་སོང་བ་དང་། ལྷ་སྐྱིད་ཀྱི་ཨ་ཕས་ཀྱང་། ཕོ་རབ་ཚིག་ཐིག་དང་། འཕར་བ་རྗེས་ཐོག་ཡིན། ཁྱིས་མི་བཟའ་ལྕགས་དང་། མིས་མི་བཟའ་མནའ་ཡིན། སྤྱིར་ངེད་ཀྱི་བུ་མོ་འདི་གསེར་སྲང་བརྒྱ་ཡི་རིན་པ། དངུལ་སྲང་སྟོང་གི་རིན་ཐང་། རྟ་འདོ་བ་བརྒྱ་ཡི་གོང་ཐང་། མཛོ་ཁྱུང་དཀར་བརྒྱ་ཡི་རིན་པ་ཡོད་ཀྱང་། གཅིག་ན་ཁྱོད་ནི་ངའི་སྲོག་སྐྱོབ་ཀྱི་དྲིན་ཆེན། གཉིས་སུ་འུ་གཉིས་ཀ་མནའ་མཆེད་ཡིན་པས། རྒྱུ་སྐར་མ་གང་ཡང་མི་དགོས། འོན་ཀྱང་། ལྷ་སྐྱིད་ནི་ངའི་བུ་མོའི་ཆེ་མགོ་ཡིན་པས། གཉེན་སྒྲིག་གི་དགའ་སྟོན་གཟབ་རྒྱས་ཤིག་བྱེད་དགོས། ཟེར།
            དེ་ལྟར་རྒྱ་ལོ་ཚེས་པ་བཅོ་ལྔ་ལ་ལྷ་སྐྱིད་དང་རིག་ཡག་གཉིས་ཀྱིས་གཉེན་སྒྲིག་གི་ཡི་གེ་ལེན་རྒྱུ་དང་། ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་གཉེན་སྒྲིག་གི་དགའ་སྟོན་བྱེད་རྒྱུའི་གྲོས་ཐག་བཅད།
            ལོ་གསར་ཚེས་པ་གསུམ་ནས་བཟུང་ངས་ལྷ་སྐྱིད་མ་མཐོང་སྟབས་བློ་མི་བདེ་བ་ཞིག་བྱུང་། ཚེས་བརྒྱད་ཀྱི་ཉིན་ལ་ངས་བསམ་བཞིན་དུ་ལྷ་སྐྱིད་འཚོལ་བར་སོང་བ་ལ། ཁོ་མོའི་གདོང་ལ་ཐལ་མདོག་ཅིག་ཤར་ཏེ་གོ་ཁའི་མར་ཁ་ན་སྐྱ་སྒང་ངེར་བསྡད་འདུག ངེད་གཉིས་ཀྱིས་ཁྱིམ་ཚང་གི་གནས་ཚུལ་དང་ལོ་གསར་གྱི་སྐོར་ལ་ལབ་གླེང་ཅུང་ཙམ་བྱས་རྗེས། གཏམ་གྱི་མགོ་དེ་ཁོ་མོའི་གཉེན་དོན་གྱི་ཐོག་ལ་འཛུགས་དགོས་བྱུང་།
            རིག་ཡག་མི་དྲང་མོ་ཞིག་ཡིན་པས་ངས་ཁོ་ལ་སྙིང་ནད་བཅངས་དོན་མི་འདུག ཡུད་ཙམ་ནས་ཁོ་མོའི་མིག་མཐར་མཆི་མས་ཁེངས་བཞིན་བཤད་རྒྱུར། སྡེ་བའི་ནང་གི་མི་ཁ་དེ་ཚོའི་འབྱུང་ཁུངས་ནི་ལྷུན་གྲུབ་ཡིན་རྒྱུ་རེད། ལྷུན་གྲུབ་ནི་ཁ་འོ་མ་ལས་འཇམ་ཞིང་ཁོག་ཚེར་མ་ལས་རྩུབ་པ་ཞིག་ཡིན་པས། ངས་ཁོའི་རེ་བ་དོན་མེད་དུ་བཏང་བ་ནས་བཟུང་། ཁོས་ང་ལ་ཁོག་སྡུག་བཅངས་ཡོད་པ་དང་། ངེད་གཉིས་ཚིག་རྩོད་བྱེད་སྐབས་ཀྱང་ཁོས། འདྲེ་མོ་ཁྱོད་ཀྱིས་ལྟད་མོ་ལྟོས་དང་། ངས་སྐྱིན་པ་སྒོག་ལོག་འདྲ་ཞིག་མ་བླངས་ན་བུ་མིན། ཟེར་བས། མི་ཁ་དེ་ཚོ་ནི་ཁོས་ང་ལ་བསམ་གནག་ཆེད་དུ་བཤད་པ་ཞིག་རེད། ཡིན་ན་ཡང་། ངའི་ཨ་མ་ཡང་འཆལ་གཏམ་དེའི་མགོ་བསྐོར་འོག་ཏུ་ཐེབས་པ་དང་། ཨ་ཕས་ཀྱང་། ངས་མི་ཚེ་གང་པོར་མི་གཅིག་ལའང་བསམ་གནག་མ་མྱོང་བ་དང་། ཕོ་རབ་ཚིག་ཐོག་དང་། འཕར་བ་རྗེས་ཐོག་བྱས་ནས་བསྡད་པ་ཡིན། ད་ནི་རིག་ཡག་དང་ཁྱོད་གཉིས་ཀ་མ་བགྲོས་རང་མཐུན་བྱུང་བས་ངའི་བློ་ཐོག་ཏུ་རྟ་རྒྱུགས་པ་ལྟར་བབས་ཡོད། གནས་ལ་འགྲོ་བ་ནི་མ་སྐྲ་ཐོགས་ཚང་མའི་སྔོན་ལས་རེད། ཚེ་གང་བོར་ཨ་མའི་དྲུང་ན་སྡོད་པའི་བུ་མོ་སུ་ཞིག་མཆིས། ད་ཁྱོད་གནས་ལ་འགྲོ་རན་རེད། ཟེར། ངའི་ཨ་ཕ་ནི་མི་ཨུ་ཚུགས་ཅན་ཞིག་ཡིན་པས་ཁོ་ལ་ཞུ་བ་བྱེད་པ་ནི་ངལ་བ་འབྲས་མེད་རེད། ལྷ་སྐྱིད་ཀྱི་ཕུ་ཐུང་གཡོན་མས་མིག་ཆུ་འབྱིད་བཞིན་པར་མུ་མཐུད་ནས་བཤད་རྒྱུར། བཟང་རུང་ངན་རུང་། ཨ་ཕའི་བཀའ་ནི་གཅོག་མི་ཕོད། འོན་ཀྱང་། རིག་ཡག་གི་ཆུང་མ་ནི་གཏན་ནས་བྱེད་འདོད་མེད། ཨ་ཆེ། ད་ང་རང་འཆི་བ་ལས་ཐབས་མི་འདུག
            ངས་ཁོ་མོའི་ཤ་རིད་ཅིང་མདོག་སྐྱ་བའི་གདོང་དང་། ལྐོག་ལ་བརྡིབས་པའི་དཔྲལ་བའི་མིག་གཉིས་ལས་མཆི་མའི་རྡོག་པོ་རེ་རེ་བཞིན་ལྷུང་བའི་ཚུལ་ལ་ལྟ་བཞིན། ཁོ་མོ་ལ་སྙིང་རྗེ་ཚད་མེད་པ་ཞིག་སྐྱེས་པ་དང་། རིག་ཡག་ལ་ཞེ་སྡང་ཆེན་པོ་ལངས་བྱུང་། དེ་ནས་ང་མྱུར་མོར་ཡར་ལངས་ཏེ་རིག་ཡག་འཚོལ་དུ་སོང་བ་ཡིན།
            ངོ་ཚ་མེད་པའི་ཁྱི་རྒན་ཁྱོད། ངས་རིག་ཡག་སྒོ་ཁར་སྐད་བཏང་སྟེ་སྡིགས་མོ་བྱས། ནུ་བོའི་ཆུང་མ་འཕྲོག་ན་དཔའ་བོ་རེད་སྙམ་གྱིན་ཨེ་ཡོད། འདྲེ། ཁྱོད་ལྟ་བུ་མི་ཡི་གྲས་སུ་ཚུད་དམ། མི་ལ་ངོ་ཚ་མེད་ན་ཁྱི། ཁྱི་ལ་རྔ་མ་མེད་ན་འདྲེ་ཡིན་ཟེར་བ་མ་གོའམ།
            རིག་ཡག་ཧ་ལས་པ་དང་ཧང་སངས་ཏེ་རེ་ཞིག་ཡུལ་ཡུལ་པོར་ལུས་པ་དང་། ཁོའི་གདོང་ལ་ཅི་ཡིན་ཆ་མ་འཚལ་བའི་མདངས་ཤིག་ཤར་འདུག ལྷ་མོ། སྐད་ཆ་ཡོད་ན་གསལ་པོར་ཤོད། ནུ་བོའི་ཆུང་མ་སུས་ཕྲོགས་པ་རེད།
          ཁྱོད། ངོ་ཚ་རྒྱུའང་མི་འདུག ཁྱོད་རང་གི་སེམས་ལ་དྲིས།
          ཨ། ང་ཨེ། ཁོ་སྔར་ལས་ཀྱང་ཡ་མཚར་ཏེ། ཧེ་ཧེ་ཧེ། འཆལ་གཏམ་མ་བཤད། ཅེས་ཟེར།
            ངས་ཁོ་ལ་སྡང་མིག་ཅིག་བགྲད་པ་དང་མཉམ་དུ་ཁོ་ནི་བྱིའུས་ཁྲ་མཐོང་བ་ལྟར་བག་འཁུམས་པ་དང་། ཕར་བལྟས་ན་ཤ་གསེང་སྦྲིད་དམ་མེ་སོང་བ་དང་འདྲ། དེར་ངས་ཁོ་ལ་ལྷ་སྐྱིད་དང་ཚེ་རིང་གཉིས་ཀྱི་འབྲེལ་བའི་སྐོར་གསལ་པོར་བཤད་པ་དང་། ང་རང་ཉིད་ཀྱིས་ལྷ་སྐྱིད་དང་ཁོ་གཉིས་ལ་མགོ་བསྐོར་བཏང་བའི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་དུ་བཤད་པས། ཁོ་ཧད་དེ་མིག་གཉིས་ཧྲིག་ཧྲིག་གིས་ངའི་གདོང་ལ་ཅེར་འདུག
            འདྲེ་མོ། འདྲེ་མོ་ལྕགས་ཀྱི་མཆུ་ཏོ་ཅན་ཁྱོད།
          རིག་ཡག་གི་ཁོའི་བྲང་ཁར་ཁུ་ཚུར་གྱིས་རྡུང་བཞིན་ཁྱིམ་ལ་བརྒྱུགས་སོང་། ཁོས་ང་ལ་སྡིགས་མོ་བྱས་པ་དེ་ནི་འོས་ཤིང་རིགས་པ་ཞིག་ཡིན་ལ། འགྱོད་པ་རིན་གྱིས་ཉོས་པ་ཞིག་ཀྱང་རེད།
            དེའི་རྗེས་ཀྱི་གནས་ཚུལ་རྣམས་ང་ལ་གསལ་ཆ་དེ་འདྲ་མེད་མོད། ཡིན་ན་ཡང་། ཉིན་འགའི་རྗེས་སུ། ལྷ་སྐྱིད་དང་རིག་ཡག་གཉིས་ལུས་དང་གྲིབ་མ་འགྲོགས་པ་བཞིན་ལྷན་ཅིག་ཏུ་ཀུ་རེ་རྩེད་མོ་རྩེ་བཞིན་འདུག་པས། ངའི་སེམས་ལ། ལྷ་སྐྱིད་ལའང་ཁྲེལ་གཞུང་མི་འདུག་སྙམ་པ་དང་། རིག་ཡག་གིས་ང་ལ་འཛུམ་གྱིས་ལྟ་ཐེངས་རེར་ང་ལ་ཞེ་མེར་ཞིང་ཡི་མུག་པའི་སྣང་བ་ཞིག་བཅོས་མིན་དུ་སྐྱེས་འོང་གིན་འདུག གང་ལྟར་ཡང་། དེའི་ཕྱིས་ཀྱི་གནས་ཚུལ་ཐམས་ཅད་ལ་ངའི་བློ་ཡུལ་ལས་འདས་པའི་འགྱུར་ལྡོག་བྱུང་བ་དང་། རིག་ཡག་དང་ངེད་གཉིས་ཀྱང་འཚོ་བ་གསར་བའི་བགྲོད་ལམ་ཐོག་དཔུང་མགོ་མཉམ་གཤིབ་བྱེད་པའི་མཛའ་གྲོགས་སུ་གྱུར་སོང་། གནས་ཚུལ་དེ་ཚོ་ངས་གསལ་པོ་ཞིག་བཤད་མི་ཐུབ་པས། རིག་ཡག་གི་ཁ་བརྡ་ལ་གསན་རོགས་གནང་།


  [1]  མ། ཨ་མདོའི་ཡུལ་སྐད་དུ་དངོས་པོ་ཕ་རོལ་པོ་ལ་སྟེར་བའི་བརྡ།
  [2]  སྙིང་ལངས་པ། ཨ་མདོའི་ཁ་སྐད་དེ། ཁྲོས་པའི་དོན།
  [3]  རུ་རྟ། ཨ་མདོའི་ཁ་སྐད་དེ། རྩ་བའི་དོན།