གངྒཱའི་ཆུ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་༢༠༡༠ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ་ནས་ཆེད་དུ་གསར་བསྐྲུན་བྱས།

Blog Archive

About Me

གངྒའི་ཆུ་རྒྱུན།
གངྒཱའི་ཆ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་རིག་གཞུང་ལ་དོན་གཉེར་ཆེ་བའི་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་གསར་བསྐྲུན་བྱས་པ་ཞིག་ཡིན།
View my complete profile

རྩོམ་སྒྲིག་ཚོགས་མི

༢༠༡༠ ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ།
སློབ་སྟོན་པ། བེ་རི་འཇིགས་མེད
རྩོམ་སྒྲིག་པ། ནོར་བུ་ཉི་མ། བསྟན་འཛིན་དགེ་རྒྱས་སོགས།།
གངྒཱའི་ཆུ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་༢༠༡༠ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ་ནས་ཆེད་དུ་གསར་བསྐྲུན་བྱས།

དྲ་ངོས་བཀླག་གྲངས།

Powered by Blogger.

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

Followers

Sunday 13 March 2011
རྒྱལ་རབས་ལོ་རྒྱུས།
སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན།


པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ།

༄༅།  །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ།
ཆོས་ཀུན་སྒྲིབ་བྲལ་ཡེ་ཤེས་རང་བཞིན་སྲིད་ཞིའི་གདུང་སེལ་མཁྱེན་པ་སྤྲིན་གྱི་ཕྲེང་ཚོགས་རྒྱ་ཆེན་ལྡན།
ཟབ་དང་རྒྱ་ཆེའི་ལམ་གྱི་རང་བཞིན་འགྲོ་ལ་ཉེར་མཚོན་རྣམ་ཀུན་གསུང་གི་འབྲུག་སྒྲ་ཟབ་མོ་ཅན།
ཕ་མཐའ་བྲལ་བའི་སྙིང་རྗེའི་རླུང་ཤུགས་དྲག་པོས་བསྐྱོད་པའི་ཕན་བདེ་ཟད་པ་མེད་པའི་ཆར་རྒྱུན་གྱིས།
མཐའ་དག་འགྲོ་བའི་ཀུན་བཟོད་རབ་བརླན་མ་ལུས་ལེགས་པའི་མྱུ་གུ་སྤེལ་མཛད་བཅོམ་ལྡན་ཤཱཀྱའི་གཙོ་དེར་འདུད།
                        གང་གི་བསྟན་པ་ཉི་མའི་སྣང་བ་ཆེ།
                        རྨོངས་པའི་སྨག་ཆེན་གྱིས་ཁྱབ་གངས་ཁྲོད་འདིར།
                        ལེགས་པར་འདྲེན་པའི་སྔོན་མེད་ཤིང་རྟ་པ།
                        འཇམ་དབྱངས་ཐོན་མིར་དུས་ཀུན་དང་བས་འདུད།
                        མཐའ་ཡས་རྒྱལ་བའི་མཁྱེན་བརྩེ་མཛད་པ་ཀུན།
                        གཅིག་ཏུ་སྤུངས་པ་གཟུགས་ཅན་བཞིན་གྱུར་པ།
                        ཡིད་འོང་མཚམས་སྤྲིན་གསར་བའི་བླ་གོས་ཀྱིས།
                        རྣམ་རོལ་ཙོང་ཁ་པ་དེར་སྙིང་ནས་འདུད།

                        གང་ཞིག་རྟོགས་ན་གསུང་རབ་ཐམས་ཅད་ལ།
                        རབ་འབྱམས་ཤེས་རབ་སྣང་བ་ཀུན་སྟེར་ཞིང༌།
                        མཐའ་ཡས་མཁས་པ་དགྱེས་པའི་སྲོལ་བཟང་པོ།
                        གངས་ཅན་བརྡའ་སྤྲོད་ཀུན་གྱི་ཕྱི་མོ་མཆོག

                        སུམ་རྟགས་ཚིག་འཕྲེང་པད་མའི་ལྟོ་བ་རུ།
                        ཟབ་བརླིང་དགོངས་པའི་དྲི་བསུང་ལེགས་འཁྱིལ་བ།
                        རབ་གསལ་རྣམ་བཤད་ཉི་ཟེར་བྱེ་བ་བརྒྱས།
                        ཕྱེ་བའི་ངོ་མཚར་དགའ་སྟོན་འདིར་སྦྱིན་གྱི།

                        རྣམ་དཔྱོད་དད་པའི་འདབ་གཤོག་གདིངས་པ་ཅན།
                        དོན་གཉེར་འཕུར་ལྡིང་རྩེ་དགའ་ལྷུར་ལེན་པའི།
                        སྐལ་བཟང་རྐང་དྲུག་ལྡན་རྣམས་རོལ་ཅིག་དང༌།
                        གསུང་རབ་སྦྲང་རྩིའི་དགའ་སྟོན་ཅི་ཡང་མྱོང༌།

                        ཚུལ་འདིར་སྔོན་ནས་མཁས་པའི་ལེགས་བཤད་ཀྱི།
                        དགོངས་འགྲེལ་རྒྱས་བསྡུས་མཆན་སོགས་མཐའ་ཡས་མོད།
                        འོན་ཀྱང་དམ་པའི་བཀའ་ནན་མ་བཟློག་ཅིང༌།
                        རང་ཡང་ཤེས་རབ་འཕེལ་ཕྱིར་འདི་བརྩམ་བྱ།

                        དེ་ལ་འདིར་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཐོན་མི་སམྦྷོ་ཊ་ཞེས་གྲགས་པ་གང་དེས། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུའི་རིང་ལ་ཡི་གེའི་སྲོལ་བཏོད་ཅིང༌། གསུང་རབ་ཐམས་ཅད་ཀྱི་ཕྱི་མོར་གྱུར་པའི་བརྡའ་སྤྲོད་ཀྱི་གཞུང་རྩོམ་པ་སོགས་ཀྱི་མཛད་པ་དཔག་པར་དཀའ་བས་རྒྱལ་བའི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་ཅིང༌། ད་ལྟའི་བར་དུའང་བྱང་ཕྱོགས་ཀྱི་ཡུལ་གྲུ་མཐའ་དག་ལ་བཀའ་དྲིན་གྱིས་ཁྱབ་པར་མཛད་པ་ནི། མཁས་བླུན་ཀུན་ལ་བསྙོན་པར་མི་ནུས་པར་མངོན་སུམ་གྱིས་གྲུབ་ལ། མཁན་པོ་ཆེན་པོ་འདི་ཉིད་ཀྱིས་མཛད་པའི་བརྡའི་བསྟན་བཅོས་ཆེན་པོ་བརྒྱད་ཡོད་པར་གྲགས་པ་ལས། བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་ཕལ་ཆེར་ཉམས་ཤིང་ད་ལྟ་སུམ་ཅུ་པ་དང༌། རྟགས་ཀྱི་འཇུག་པ་གཉིས་ལས་མེད་པར་གསུངས་པ་བཞིན། ད་ལྟ་དེ་གཉིས་གྲགས་ཆེ་ཞིང་དར་རྒྱས་ཀྱང་ཆེ་བས་མཁས་པ་དུ་མས་ཚིག་དོན་འགྲེལ་བའི་བསྟན་བཅོས་ཀྱང་མཐའ་ཡས་པ་མཛད་མོད། འོན་ཀྱང་མཁན་པོ་འདིའི་གཞུང་ཤིན་ཏུ་མཁོ་བར་མ་ཟད། བཀའ་དྲིན་གཟོ་བའི་སླད་དུའང་ཐོས་སོགས་ཀྱིས་འཇུག་པ་དང་གསལ་བར་བྱ་རིགས་པར་གསུངས་པ་བཞིན། འདིར་ཡང་རང་ཉིད་ལ་ཐོས་སོགས་ཀྱི་ཤེས་རབ་འཕེལ་བ་དང༌། རང་གིས་ཇི་ལྟར་གོ་བའི་དོན། སྐལ་བ་མཉམ་པ་གཞན་དག་ལ་ཡང་གསལ་བར་བྱས་ནས། གཞུང་ལུགས་བཟང་པོ་འདི་ཡུན་དུ་གནས་ཤིང་འཕེལ་ན་ཅི་མ་རུང་སྙམ་པའི་བསམ་པས་ཚིག་དོན་གྱི་ཆ་འགྲེལ་བར་སྤོབས་པ་སྐྱེས་སོ། །དེས་ན་འདི་ལ་གསུམ་སྟེ། མཚན་གྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་ནོ།

                        དང་པོ་མཚན་གྱི་དོན་དོན་ནི།
རྒྱ་གར་སྐད་དུ་བྱཱ་ཀ་ར་ཎ་ཏྲིཾ་ཤད་ནཱ་མ།
                        བོད་སྐད་དུ།
ལུང་སྟོན་པ་སུམ་པ་ཞེས་བྱ་བ།
ཞེས་གསུངས་ཏེ། རྒྱ་གར་ན་སྐད་རིགས་ཆེན་པོ་བཞི་ཡོད་པའི་ལེགས་སྦྱར་གྱི་སྐད་དུ། བྱཱ་སོགས་སོ། །དེ་བོད་གངས་ཅན་གྱི་སྐད་དུ་བསྒྱུར་ན། ལུང་སྟོན་པ་སོགས་སུ་འགྱུར་རོ། །དེ་ལ་བྱཱ་ཀ་ར་ཎ་ནི་ལུང་སྟོན་པའམ་བརྡའ་སྤྲོད་པ་སྟེ། སྒྲའི་མཚན་ཉིད་མིང་ཚིག་ཡི་གེའི་རྣམ་འགྱུར་གྱི་སྒོ་ནས་དོན་ལུང་སྟོན་པའམ་བརྡའ་སྤྲོད་པས་དེ་སྐད་ཅེས་བྱའོ། །ཏྲིཾ་ཤད་ནི་སུམ་ཅུ་པ་སྟེ། ཀཱ་ལི་སུམ་ཅུ་པོའི་སྦྱོར་བ་རྒྱ་ཆེར་སྟོན་པས་བརྗོད་བྱའི་སྒོ་ནས་བཏགས་པའོ། །ནཱ་མ་ནི་ཞེས་བྱ་བ་ཞེས་པ་སྟེ། མིང་དེ་སྐད་ཅེས་བྱའོ། །ཞེས་པའོ།
                        འགྱུར་ཕྱག་གི་ཚུལ་དུ།
སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ།
ཞེས་སྨོས་ཏེ། སྨྲ་བ་ནི་ངག་དང༌། དབང་ཕྱུག་ནི་དབང་འབྱོར་བ་ཡིན་ལ། ངག་གི་རང་བཞིན་ཤེས་བྱའི་ངོ་བོ་དང་རྣམ་པ་མ་ལུས་པ་ཇི་ལྟ་བ་བཞིན་སྨྲ་བ་ལ་ཐོགས་པ་མེད་པར་རང་དབང་དུ་སྤྱོད་པའི་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ་ཞེས་པའོ། །འདིར་ཕྱག་འཚལ་བ་ནི་འདུད་པ་སྟེ། ལུས་དང་ངག་དང་ཡིད་ཉེ་བར་བསྙེན་ཅིང་བཏུད་པ་ཡིན་ལ། དེ་ཡང་ཡིད་ཡོན་ཏན་ལ་དང་བས་ཉེ་བར་ཕྱོགས་པ་དང༌། དེས་ཀུན་ནས་བསླང་སྟེ་ངག་གིས་ཡོན་ཏན་བརྗོད་པ་དང༌། ལུས་ཀྱིས་ཐལ་མོ་སྦྱར་ནས་མགོ་བོ་འདུད་པ་སོགས་ཉེ་བར་བསྙེན་པའི་རྣམ་འགྱུར་སྟོན་པ་སྟེ། མདོར་ན་ལུས་ངག་ཡིད་ཀྱི་ཕྱག་གསུམ་མོ། །གལ་ཏེ་འདི་བོད་ཀྱི་བསྟན་བཅོས་མ་ཡིན་ནམ། ཅི་རྒྱ་འགྱུར་དང་འདྲ་བར་རྒྱ་བོད་ཤན་སྦྱར་བའི་སྐད་ཐོག་མར་སྨོས་པ་དང༌། འགྱུར་ཕྱག་གི་ཚུལ་འདིར་བཀོད་པས་ཅི་ཞིག་བྱ་ཞེ་ན། བདེན་ཏེ། འོན་ཀྱང་མཁན་པོ་འདིས་འཕགས་ཡུལ་དུ་ཐུན་མོང་བའི་རིག་གནས་སོགས་ལ་སྦྱངས་པས་མཁས་པའི་ཕུལ་ཏུ་ཕྱིན་ཏེ། རྒྱ་གར་མཁས་པ་དག་གིས་ཀྱང་འདིའི་སྙན་པ་བརྗོད་པར་གྲགས་པས། རྒྱ་གར་པའི་མཁས་པ་དང་དེས་མཛད་པའི་བསྟན་བཅོས་ཁུངས་དང་ཚད་མར་བྱེད་པ་བཞིན་དུ། མཁན་པོ་འདི་དང་འདིས་མཛད་པའི་བསྟན་བཅོས་ཀྱང་ཚུལ་དེ་དང་མཐུན་པར་ཡིད་ཆེས་པའི་གནས་སུ་གོ་བའི་ཆེད་ཡིན་ནོ།

                        གཉིས་པ་གཞུང་གི་དོན་ལ། བསྟན་བཅོས་ལ་འཇུག་པའི་སྒོ་དང༌། སྒོ་དེ་དང་ལྡན་པའི་བསྟན་བཅོས་དངོས་བཤད་པ་གཉིས་སོ།
                        དང་པོ་བསྟན་བཅོས་ལ་འཇུག་པའི་སྒོ་བཤད་པལ། མཆོད་བརྗོད་དང༌། རྩོམ་པར་དམ་བཅའ་བ་གཉིས་ལས། དང་པོ་དཀོན་མཆོག་ལ་ཕྱག་བྱ་བ་ནི།
གང་ལ་ཡོན་ཏན་མཆོག་མངའ་བའི།
དཀོན་མཆོག་དེ་ལ་ཕྱག་འཚལ་ལོ།
ཞེས་གསུངས་ཏེ། གང་ཞེས་བྱ་བ་ནི་སྤྱིའི་སྒྲའོ། །ལ་ཞེས་བ་ནི་བདུན་པ་གནས་གཞིའི་སྒྲའོ། །ཡོན་ཏན་ཞེས་བྱ་བ་ནི། ཕན་ཡོན་ནམ་འབྲས་བུའི་ཁྱད་པར་ལེགས་པའི་མིང་སྟེ། རྒྱུ་ཁྱད་པར་བ་ལས་བྱུང་བའི་མིང་དོན་ཏེ། ཚིག་གི་རྒྱན་ཡང་ཡིན་ནོ། །མངའ་བ་ཞེས་བྱ་བ་ནི། ཡོད་པའམ་ལྡན་པ་ཞེས་པའོ། །འི་ནི་གཞི་མཐུན་གྱི་དྲུག་པའོ། །དཀོན་མཆོག་ནི་འོག་ནས་འཆད་དོ། །དེ་ཞེས་བྱ་བ་ནི། ངེས་གཟུང་གི་སྒྲའོ། །ལ་ཞེས་བྱ་བ་ནི། བཞི་བ་དགོས་ཆེད་ཀྱི་སྒྲའོ། །ཕྱག་འཚལ་བ་ནི་བཤད་ཟིན་ཏོ། །དོན་བསྡུ་ན། དོན་གཉིས་མཐར་ཕྱིན་པ་དང༌། འགོག་ལམ་དང༌། རིགས་གྲོལ་གྱི་ཡོན་ཏན་མངའ་བ་ཞེས་སྨོས་ཏེ། དེ་གང་ལ་མངའ་ཞེས་སྤྱིའི་ཚུལ་དུ་བཀོད་ནས། སྤྱི་ལས་ངེས་པར་བཟུང་བའི་ཕྱིར། དཀོན་མཆོག་དེ་ཞེས་སྨོས་སོ། །ཡོན་ཏན་དེ་གཞན་ལས་ཁྱད་པར་དུ་བྱེད་པའི་ཕྱིར་མཆོག་ཅེས་སྨོས་སོ། །དེས་ན་ཡོན་ཏན་གྱི་ཁྱད་པར་མཆོག་ཏུ་གྱུར་པ་གང་ལ་མངའ་བའི་དཀོན་མཆོག་དེའི་ཆེད་དུ་ཕྱག་འཚལ་ལོ། །ཞེས་པའོ། །དཀོན་མཆོག་གི་དོན་ནི། རྒྱུད་བླ་མ་ལས།
                        འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར།
                        མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི།
                        རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར།
                        འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་པ་ལྟར་ཆོས་དྲུག་དང་ལྡན་པས་དཀོན་མཆོག་གོ །འདིར་རྣམ་གླིང་པཎ་ཆེན་གྱིས། གང་ལ་ཞེས་པའི་ལ་ཡིག་ངེས་བཟུང་གི་དོན་ཏེ། འཆད་འགྱུར་དེ་མ་ཐག་པའི་ཡོན་ཏན་རྣམས་དང་ལྡན་པ་དེ་ཉིད་ངོས་བཟུང་བ་དང༌། ཞེས་བཤད་པ་མི་འཐད་དེ། འདིར་མངའ་བ་ཞེས་པ་ཡོད་པའམ་བརྟེན་པའི་དོན་ཡིན་ལ། ཡོན་ཏན་མཆོག་ཡོད་པའམ་བརྟེན་པའི་གཞི། སྤྱིའི་ཚུལ་གྱིས་གང་ཞེས་སྨོས་ཏེ། དེ་ལ་བརྟེན་པར་བརྗོད་པའི་སྒྲ། ལ་ཞེས་སྨྲས་པ་ཡིན་ཞིང༌། སྤྱིའི་ཚུལ་གྱིས་གང་ཞེས་བརྗོད་པ་དེ་ཉིད་དམིགས་ཀྱིས། དཀོན་མཆོག་ལ་བཟུང་བའི་ཆེད་དུ། དེ་ཞེས་པའི་ངེས་བཟུང་གི་སྒྲ་སྦྱར་ཏེ། དཀོན་མཆོག་དེ་ལ་ཞེས་སྨོས་པར་ཚིག་ཉིད་ཀྱིས་གསལ་བའི་ཕྱིར་རོ། །གཞན་དུ་ན། གང་ཞེས་པ་དང༌། ཡོན་ཏན་མཆོག་མངའ་བ་ཞེས་པ་གཉིས་སྦྲེལ་མི་ནུས་ལ། འོག་ནས་དེ་ཞེས་པའི་ངེས་བཟུང་སྨོས་པ་དང་ཟློས་ཤིང༌། དགོས་པ་གཞན་ཡང་མེད་དོ།

                        འཇམ་པའི་དབྱངས་ལ་ཕྱག་བྱ་བ་ནི།
                        གང་གིས་སྒྲ་དབྱངས་གསུངས་པ་ཡི།
                འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།
ཞེས་གསུངས་ཏེ། གང་ཞེས་པ་སྤྱིའི་སྒྲ་དང༌། གིས་ཞེས་པ་རྣམ་དབྱེ་གསུམ་པ་བྱེད་པ་དང༌། སྒྲ་དབྱངས་ནི་འདིར་དབྱངས་ཡིག་དང༌། གསུངས་པ་ནི་དབྱངས་ཡིག་ཐོག་མར་གསུངས་པ་སྟེ། འོག་ཏུ་འཆད་དོ། །དེ་ལྟར་སྒྲ་དབྱངས་ཐོག་མར་གསུངས་པའི་བྱ་བ་བྱེད་པ་པོ་གང༌། ཞེས་སྤྱིའི་ཚུལ་གྱིས་སྨོས་པ་དེ་ཉིད་རྣམ་དབྱེ་དྲུག་པ་ཡི་ཞེས་པའི་སྒྲས་ཁྱད་པར་དུ་བྱས་ཏེ་ངོས་བཟུང་བའི་ཕྱིར། འཇམ་པའི་དབྱངས་ཞེས་སྨོས་ཏེ། རྒྱུའི་སྐྱོན་ཆགས་སོགས་བག་ཆགས་དང་བཅས་པ་དང༌། ངོ་བོའི་སྐྱོན་སྒྲ་དང༌། ཡིག་འབྲུ་དང༌། མིང་ཚིག་སོགས་རིམ་པ་བཞིན་དུ་མི་སྙན་པ་དང༌། ཉམས་པ་དང༌། མ་འབྱོར་བ་དང༌། མ་འབྲེལ་བ་སོགས་ཀྱི་རྩུབ་རེག་དང་བྲལ་བས་ན་འཇམ་པའོ། །འཇམ་པ་དེས་ཁྱད་པར་དུ་བྱས་པའི་གསུང་དབྱངས་དང་ལྡན་པས་ན་འཇམ་པའི་དབྱངས་ཏེ། འི་ཞེས་པས་ཁྱད་པར་ཅན་དང་ཁྱད་པར་གཞི་མཐུན་དུ་བསྡུས་པའོ། །ཕྱག་འཚལ་ལོ་ནི་གོང་ལྟར་ཏེ། མདོར་ན། གསུང་བ་པོ་གང་གིས་སྒྲ་དབྱངས་སྔོན་གྱི་དུས་སུ་གསུངས་པར་གྲགས་པའི་འཇམ་པའི་དབྱངས་ལ་ཕྱག་བྱས་པའོ།

                        སྒྲའི་ལྷ་ལ་ཕྱག་བྱ་བ་ནི།
                        གང་གིས་མིང་གཞི་སྔོན་གསུངས་པའི།
                རྟག་ཞི་བ་ལ་ཕྱག་འཚལ་ལོ།
ཞེས་གསུངས་ཏེ། གཞན་རྣམས་གོང་ལྟར་ལ། མིང་ནི་འོག་ནས་འཆད་དོ། །མིང་གི་གཞི་ནི། མིང་གང་ལས་བྱུང་བའི་གཞི་སྟེ། ཀ་ལ་སོགས་པའོ། །ཇི་ལྟར་ཀ་ལ་སོགས་པའི་ཡི་གེ་ལ་སྔོན་འཇུག་རྗེས་འཇུག་མགོ་འདོགས་སོགས་རྣམ་འགྱུར་བྱས་པ་དང་ཡི་གེ་གཞན་དང་ཕྲད་པ་སོགས་ལས། དོན་གྱི་ངོ་བོ་དང་ཁྱད་པར་སྟོན་པའི་མིང་ཚིག་ལ་སོགས་པ་འབྱུང་བས་ན། ཀ་ལ་སོགས་པ་ལ་མིང་གཞི་ཞེས་སྨོས་སོ། །དེ་ལྟར་གིས་ཞེས་པའི་སྒྲ་སྦྱར་ཏེ། བྱེད་པ་པོ་སྤྱིའི་ཚུལ་གྱིས་གང་ཞེས་སྨོས་པ་དེའི་བྱ་བ་བསྟན་པའི་ཕྱིར། གསུངས་པ་ཞེས་སྨོས་སོ། །བྱ་བ་དེའི་ཁྱད་པར་བསྟན་པའི་ཕྱིར། མིང་གཞི་གསུངས་པ་ཞེས་སྨོས་སོ། །མིང་གཞི་གསུངས་པ་དེ་དུས་ཀྱི་ཁྱད་པར་དང་སྦྱོར་བའི་ཕྱིར་སྔོན་ཞེས་སྨོས་པའོ། །བྱེད་པ་པོ་སྤྱིའི་ཚུལ་གྱིས་གང་ཞེས་སྨོས་པ་དེ་ཉིད་ངོས་བཟུང་བའི་ཕྱིར། འི་ཞེས་དྲུག་པའི་སྒྲས་ཁྱད་པར་དུ་བྱས་ནས། རྟག་ཞི་བ་ཞེས་སྨོས་ཏེ། རྟག་པ་དང་ཞི་བའི་ལུས་གང་ལ་ཡོད་པའི་ཁྱབ་འཇུག་གམ་ཚངས་པའོ། །མདོར་ན་གསུང་བ་པོ་གང་གིས་མིང་གཞིའི་ཡི་གེ་སྔོན་ཏེ་ཐོག་མར་གསུང་བ་པོར་གྲགས་པའི་རྟག་ཞི་བ་ཁྱབ་འཇུག་གམ་ཚངས་པ་ལ་ཕྱག་བྱས་པའོ། །དེ་ཡང་ཡི་གེ་སྔོན་བྱུང་གི་ལོ་རྒྱུས་ལས།
ཡི་གེ་ཁྱབ་འཇུག་ལྷ་ཡིས་བཀོད།
འཇམ་དཔལ་དབྱངས་ཀྱིས་ང་རོས་དྲངས། །ཞེས་གསལ་བྱེད་ཀྱི་ཡི་གེ་ཁྱབ་འཇུག་གིས་ཐོག་མར་བཀོད་པ་དང༌། དབྱངས་ཡིག་འཇམ་དཔལ་དབྱངས་ཀྱིས་ཐོག་མར་མཛད་པར་བཤད་པ་དང༌། སྒྲའི་རིག་བྱེད་ཚངས་པས་ཐོག་མར་བྱས་པ་དང༌། མིང་གཞི་ཀ་ཙ་ཊ་ཏ་པ་ཡ་ཤ་ཧ་རྣམས་སྔོན་དུ་གསུངས་པར་གྲགས་ཤིང༌། བརྒྱ་བྱིན་གྱིས་དེ་ལས་བསྡུས་པའི་ཨིན྄དྲ་བྱཱ་ཀ་ར་ཎ་བྱས་པར་གྲགས་པས་སྔོན་གྱི་དུས་སུ་གསུངས་པ་དང༌། རྟག་ཞི་བ་ཡང་འགྲེལ་བ་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་སུ། ཚངས་པ་དང་ཁྱབ་འཇུག་གཉིས་ཀ་ལ་རྟག་པ་དང༌། ཞི་བའི་ལུས་ཡོད་པར་བཤད་ཅིང༌། སོ་སོར་འབྲང་མའི་ལྟེ་བསྒྱུར་གྱི་སྐབས་སུ།
དམངས་རིགས་ཕྱིར་ནི་རྟག་ཞི་བ།
ཁྱབ་འཇུག་ལེགས་པར་བྲི་བར་བྱ། །ཞེས་ཁྱབ་འཇུག་དང༌། ཚངས་པ་རྟག་ཞི་བ་ཞེས་བསྟན་བཅོས་གཞན་ལས་ཀྱང་མཐོང་བས་ཚངས་པ་ལའང་འཇུག་པ་སོགས་ཀྱི་འཐད་པ་མང་ངོ༌།
གཞན་དག་ནི་སྤྱན་རས་གཟིགས་དང༌། སངས་རྒྱས་སོགས་ལ་བཤད་པ་མང་ཡང༌། སངས་རྒྱས་ལ་བྱེད་པ་ནི་གོ་རིམ་ལོག་ཅིང་ཟློས་པ་དང༌། དགོས་པ་གཞན་ཡང་མེད་པས་མི་འཐད་ལ། འཇམ་དབྱངས་བྱུང་ན་སྤྱན་རས་གཟིགས་སོགས་ཡོད་དགོས་པའི་ངེས་པ་མེད་ཅིང༌། ཡི་གེའི་བསྡུ་བ་མཛད་པས་ཡི་གེ་གསུང་བ་པོ་ཙམ་དུ་གྲུབ་ཀྱང༌། ཡི་གེའི་ཐོག་མའི་མཛད་པ་པོ་ཡིན་པའི་ཁུངས་དང་ཤེས་བྱེད་དྲངས་པ་སོགས། འགྲེལ་མཛད་རྣམས་ཀྱིས་རྙེད་ན་སྟོན་དགོས་པ་ལས་སུས་ཀྱང་མ་བསྟན་པའི་ཕྱིར་རོ།
རྣམ་གླིང་པཎ་ཆེན་གྱིས་ཀྱང༌། སངས་རྒྱས་དང༌། ཚངས་པ་དང༌། ཁྱབ་འཇུག་སོགས་ལ་བྱེད་པ་བཀག་ནས། རང་སྡེ་ནང་པའི་ངོར་སྤྱན་རས་གཟིགས་ལ་བྱེད་པ་སྐབས་སུ་བབ་ཅེས་བཤད་མོད། སངས་རྒྱས་ལ་བྱེད་པ་བཀག་པ་ལྟར་ཡིན་ཡང༌། ཚངས་པ་དང་ཁྱབ་འཇུག་ལ་བྱེད་པ་ལ་གནོད་བྱེད་ཡི་གེའི་བསྡུ་བ་མཛད་པ་ཙམ་གྱིས་དེར་ངེས་སོ་སྙམ་ན་མི་འཐད་ཅེས་པ་ཙམ་ལས་གཞན་མ་རྙེད་ཅིང༌། སྤྱན་རས་གཟིགས་ལ་བྱེད་པ་ཡང་རང་གི་འདོད་པ་ཙམ་ལས་ཤེས་བྱེད་གཞན་མ་རྙེད་པས། ཤེས་བྱེད་གང་ཡང་མེད་པས་ཤེས་བྱེད་དུ་མ་དང་ལྡན་པ་སུན་འབྱིན་པ་མི་འཐད་པའི་ཕྱིར་རོ། །སྐབས་འདིར་འགལ་བའང་སྣང་སྟེ། དྲག་པོ་དབང་ཕྱུག་སོགས་ལ་བྱེད་པ་དགོས་པ་ཡང་མ་མཆིས་ཞེས་སྨྲས་ནས། འོག་ཏུ་གཞན་སྡེ་རྣམས་རྗེས་སུ་འཛིན་པའི་ཕྱིར་སོ་སོའི་འདོད་པ་བཞིན་གྱི་ལྷར་འགྲེལ་དགོས་པའི་ཁུངས་སུ། མདོ་སྡེ་ཟ་མ་ཏོག་བཀོད་པའི་རྒྱལ་པོ་ལས། སྔོན་བྱུང་བ་ཞེས་སོགས་ནས། དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ་ནི། དེ་བཞིན་གཤེགས་པའི་གཟུགས་ཀྱིས་ཆོས་འཆད། དེ་བཞིན་དུ་སྦྱར་ཏེ་རང་སངས་རྒྱས་ཀྱིས། དགྲ་བཅོམ་པས། བྱང་ཆུབ་སེམས་དཔས། དབང་ཕྱུག་ཆེན་པོས། མཐུ་བོ་ཆེས། ཚངས་པས་ཞེས་སོགས་དང་བཅས་དགོས་པ་ཡོད་པར་བསྒྲུབས་པའི་ཕྱིར་རོ།
འདིར་འཇམ་དབྱངས་དང༌། རྟག་ཞི་བ་གཉིས་མཆོད་བརྗོད་ཀྱི་ཡུལ་དུ་སྨོས་པ་ནི། ཡི་གེའི་ཐོག་མའི་འབྱུང་ཁུངས་གཙོ་ཆེ་བའི་དབང་དུ་བྱས་ནས་དོན་དུ་ན་ཚངས་པ་དང༌། ཁྱབ་འཇུག་སོགས་སྤྱན་རས་གཟིགས་ཀྱི་སྐུ་ལས་བྱུང་བར་གོང་གི་མདོ་དེ་ལས་གསུངས་པ་བཞིན། ལྷ་དེ་དག་ལ་ཕྱི་རོལ་པ་ཁོ་ནས་མ་ཁྱབ་པས་འགལ་བ་མེད་པར་མ་ཟད། གང་ལས་ཡོན་ཏན་གྱི་ཁྱད་པར་བྱུང་བ་དེ་ཉིད་དྲིན་ཆེ་བས་བཀུར་འོས་པ་ཡིན་ནོ། །ཞེས་གཞན་ལ་འདོམས་པའི་ཆེད་དུ་ཡིན་ནོ།

ཐ་སྙད་སོགས་ཀྱི་རིག་གནས་ལ་བཀའ་དྲིན་ཆེ་བའི་དངོས་བརྒྱུད་ཀྱི་བླ་མ་ལ་ཡང་ཕྱག་བྱ་བ་ནི།
                        སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང༌།
                བླ་མ་ལ་ཡང་ཕྱག་འཚལ་
ཞེས་གསུངས་ཏེ། འདིར་སྡེབ་སྦྱོར་ནི་རིག་གནས་ཆུང་བ་ལྔའི་ཡ་གྱལ་གྱི་སྡེབ་སྦྱོར་ཁོ་ན་མ་ཡིན་གྱི། ཡི་གེའི་སྦྱོར་བ་ཡིན་ལ། དེ་ཡང་ཡི་གེ་ཕན་ཚུན་རྣམ་དབྱེ་ཚིག་ཕྲད་རྐྱེན་ལ་སོགས་པའི་དབང་གིས་བསྒྱུར་བ་དང༌། དབྱེ་བའི་རྣམ་འགྱུར་གྱི་སྒོ་ནས་སྡེབ་ཅིང་སྦྱོར་བས་སྡེབ་སྦྱོར་ཏེ། སྒྲ་རིག་པ་གཙོ་བོ་དང༌། དེའི་ཤུགས་ཀྱིས་ཚིག་རྒྱན་གྱི་སྦྱོར་བ་སྙན་དངགས་ཀྱི་རིག་གནས་དང༌། ལྕི་ཡང་སོགས་ཀྱི་སྦྱོར་བ་སྡེབ་སྦྱོར་གྱི་རིག་གནས་ཀྱང་བསྡུ་བས། དེ་དག་མཛད་པའི་མཁས་རྣམས་དང༌། སློབ་དཔོན་རང་ཉིད་ལ་དངོས་སུ་བཀའ་དྲིན་ཆེ་བའི་བླ་མ་ལྷ་རིག་པའི་སེང་གེ་དང༌། ཡིག་མཁན་ལེགས་བྱིན་ལ་ཡང་ཕྱག་འཚལ་བའོ། །ཡང་ནི་གོང་གི་དེ་རྣམས་སུ་མ་ཟད་པའོ།

                        གཉིས་པ་རྩོམ་པར་དམ་བཅའ་བ་ནི།
ནས།
བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌།
རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།
མིང་ཚིག་བརྗོད་པ་ཀུན་གྱི་གཞི།
ཡི་གེའི་སྦྱོར་བ་བཤད་པར་བྱ།
ཞེས་གསུངས་ཏེ། དེ་ལྟར་ཕྱག་འཚལ་བ་དང་དམ་བཅའ་བ་གཉིས་རྒྱུན་གཅིག་ཏུ་སྦྱོར་ཞིང་བྱ་བའི་གོ་རིམ་སྟོན་པའི་ཕྱིར། ནས་ཞེས་སྨོས་ལ། དེ་ནི་བྱ་བ་གཉིས་བྱེད་པ་པོ་གཅིག་གིས་རིམ་བཞིན་བྱེད་པར་སྟོན་པའི་མཚམས་སྦྱོར་གྱི་སྒྲའོ། །འདིར་དངོས་སུ་བསྟན་པའི་བསླབ་པ་ནི། རྟགས་འཇུག་གི་སྐབས་ནས།
                        ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི།
                        བསླབ་པ་རྣམས་ཀྱང་མེད་པར་འགྱུར། །ཞེས་པ་ལྟར་ཐེག་པ་གསུམ་གྱི་བསླབ་པའོ། །དེ་ཡང་ཚུལ་ཁྲིམས་སམ། ཏིང་ངེ་འཛིན་ནམ། ཤེས་རབ་ཀྱི་བསླབ་པ་གསུམ་ལ་ཚང་བར་འདུ་བས། བསླབ་པ་འདི་གསུམ་ལ་ཡང་དོན་གྱིས་འཐོབ་བོ། །ཀུན་ནི་མང་ཚིག་སྟེ། མཐའ་དག་པ་དང༌། ཕལ་མོ་ཆེའི་དོན་གཉིས་ལ་འཇུག་པ་ལས། འདིར་ནི་མཐའ་དག་པའི་དོན་ནོ། །གྱི་ནི་འབྲེལ་བ་སྟེ། འོག་གི་གཞི་ཞེས་པ་དེ་བསླབ་པ་ཀུན་གྱི་ཡིན་པར་བསྒྲུབས་པའོ། །གཞི་ཞེས་པ་ནི་རྩ་བའམ་རྒྱུའི་དོན་ནོ། །འཛིན་པ་ནི་ཡི་གེའི་སྦྱོར་བས་བསླབ་པ་དེ་ཀུན་གྱི་རྩ་བའམ་རྒྱུ་བྱེད་པའི་དོན་ཏེ། ཡི་གེའི་བྱེད་པ་སྟོན་པའོ། །འོ་ན་ཡི་གེའི་བྱེད་པ་དེར་ཟད་དམ་ཞེ་ན། ཅིང་ཞེས་སྨོས་ཏེ། དེར་མ་ཟད་ཕྱི་རོལ་རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ་ཡང་ཡིན་ནོ། །ཞེས་པའོ། །དེ་ལ་རིག་བྱེད་ནི་བཞི་སྟེ། མཆོད་སྦྱིན། ངེས་བརྗོད། སྲིད་སྲུང༌། སྙན་ཚིག་གི་རིག་བྱེད་རྣམས་སོ། །དེ་ཡང་མཆོད་སྦྱིན་ནི་མཐོ་རིས་ཀྱི་ཕྱིར་མཆོད་སྦྱིན་བྱེད་པའོ། །ངེས་བརྗོད་ནི་མིང་ཚིག་གི་ངེས་པ་སྒྲུབ་པའི་སྒྲའོ། །སྲིད་སྲུང་ནི་རྒྱལ་སྲིད་ལ་སོགས་པ་སྲུང་བ་དང་སྤེལ་བའོ། །སྙན་ཚིག་ནི་ཚིག་རྒྱན་གྱི་སྦྱོར་བའོ། །དེ་དག་གི་ཚུལ་སྟོན་པའི་གཞུང་ལུགས་ལ་རིག་བྱེད་ཅེས་བྱ་སྟེ། དེ་དག་གི་ངོ་བོ་དང་མཚན་ཉིད་དང༌། བྱེད་ལུགས་ཀྱི་ཐབས་ལ་སོགས་པ་རིག་པར་བྱེད་ཅིང་གོ་བར་བྱེད་པའི་ཕྱིར་རོ། །སྨྲ་བ་ནི་དེ་དག་གི་གཞུང་ལུགས་སྨྲ་བའོ། །རྒྱུ་ནི་སྨྲ་བའི་བྱ་བ་དེའི་རྒྱུའམ་རྩ་བའང་ཡིན་ཞེས་པའོ། །མིང་ནི་ཀ་ལ་སོགས་པའི་ཡི་གེ་འདུས་ནས་དོན་གྱི་ངོ་བོ་ཙམ་བརྗོད་པ། ཀ་བ། བུམ་པ། ལྷ་མི་ཞེས་པ་ལྟ་བུའོ། །ཚིག་ནི་མིང་འདུས་ནས་དོན་གྱི་ཁྱད་པར་བརྗོད་པ། ཀ་བའི་གཟུགས། བུམ་པའི་ལྟོ་བ་ཞེས་པ་ལྟ་བུའོ། །བརྗོད་པ་ནི་ངག་སྟེ། བུམ་པ་ལ་གནས་པའི་ཆུས་ལུས་འཁྲུ་ཞེས་པ་ལྟ་བུ་ཚིག་གི་ཚོགས་པའམ་རྒྱུན་ནོ། །དེ་ཀུན་གྱི་གཞི་ནི། དེ་མཐའ་དག་གི་རྩ་བའམ་རྒྱུའོ། །འོ་ན་དེ་དག་གི་གཞིའམ་རྒྱུ་དེ་གང་ཡིན་ཞེ་ན། དེ་ངོས་བཟུང་བའི་ཕྱིར་ཡི་གེའི་སྦྱོར་བ་ཞེས་སྨོས་ཏེ། ཡི་གེ་ནི་ཀ་ལ་སོགས་པའོ། །དེའི་སྦྱོར་བ་ནི། དེ་དག་ཕན་ཚུན་རྣམ་དབྱེ་དང་ཚིག་ཕྲད་སོགས་ཀྱིས་སྦྲེལ་ཞིང་སྦྱོར་བའོ། །དེ་ཉིད་འདིར་བཤད་པར་དམ་བཅའ་བ་ནི། བཤད་པར་བྱ་ཞེས་པ་སྟེ། མདོར་ན་ཕྱི་རོལ་པ་རིག་བྱེད་ནས་བཤད་པ་བཞིན་སྒྲུབ་པ་དང༌། ནང་པ་མངོན་མཐོ་དང་ངེས་ལེགས་སྒྲུབ་པ་ལ། དེའི་ཐབས་ཤེས་དགོས། དེ་ཤེས་པ་ལ་བསླབ་དགོས། བསླབ་པ་ལ་ཡང་བསླབ་བྱའི་གནས་བསླབ་པ་གསུམ་ལ་སོགས་པ་དང༌། རིག་བྱེད་བཞི་སྟོན་པའི་གཞུང་ལུགས་སྡེ་སྣོད་གསུམ་དང༌། རིག་བྱེད་ཀྱི་གཞུང་ལ་སོགས་པ་ཐོས་དགོས། སྡེ་སྣོད་དང༌། གཞུང་དེ་དག་གིས་ཀྱང་བརྗོད་བྱ་སྟོན་པ་ལ། བརྗོད་བྱའི་ངོ་བོ་སྟོན་པ་ལ་མིང་དང༌། ཁྱད་པར་སྟོན་པ་ལ་ཚིག་དང༌། ཁོག་སྒྲིག་པ་ལ་ངག་གི་ཕྲེང་བ་རྣམས་མེད་དུ་མི་རུང་བས། གཞུང་དང་གདམས་པ་ཡང་ངག་ཚིག་མིང་གི་ཕྲེང་བ་ལས་མ་འདས་ལ། དེ་དག་ཀྱང་མཐར་གཏུགས་ན་ཡི་གེའི་ངོ་བོ་ལས་མ་འདས་པས། ཡི་གེའི་སྦྱོར་བ་ཉིད་དེ་དག་གི་གཞི་དང་རྒྱུའོ་སྙམ་དུ་དགོངས་ནས། དེ་ཉིད་འདིར་བཤད་པར་བྱ་ཞེས་པའོ། །དེ་ལྟར་ན་ཡི་གེའི་སྦྱོར་བ་ཉིད་འདིའི་བརྗོད་བྱའོ། །བརྗོད་བྱ་དེ་འདིར་བཤད་པའི་དགོས་པ་ནི། མིང་ཚིག་གི་སྦྱོར་བ་ལ་མཁས་པའོ། །དེ་ལྟར་མཁས་པའི་དགོས་པ་ནི། དོན་གྱི་ངོ་བོ་དང་ཁྱད་པར་ཤེས་ནས་ཉམས་སུ་བླངས་པས། མཐར་ཐམས་ཅད་མཁྱེན་པ་འཐོབ་པའོ། །དེ་ལྟར་དོན་གྱི་ངོ་བོ་དང༌། ཁྱད་པར་ཤེས་ནས་བླང་དོར་གྱི་སྒོ་ནས་ཉམས་སུ་བླངས་པས་ཐམས་ཅད་མཁྱེན་པ་འཐོབ་པ་དེ། མིང་ཚིག་གི་སྦྱོར་བ་ཤེས་པ་ལ་རག་ལས་ཤིང༌། མིང་ཚིག་གི་སྦྱོར་བ་ཤེས་པ་ཡང༌། ཡི་གེའི་སྦྱོར་བ་ལ་རག་ལས། དེ་ཉིད་གཞུང་འདིར་འགྲེལ་བ་ནི་བསླབ་པ་ཀུན་གྱི་ཞེས་པ་ནས། བཤད་པར་བྱ་ཞེས་པའི་བར་གྱི་དོན་ནོ།

                        གཉིས་པ་སྒོ་དེ་དང་ལྡན་པའི་བསྟན་བཅོས་དངོས་འཆད་པ་ལ། ཡི་གེའི་སྦྱོར་བ་དང༌། ཚིགས་བཅད་འགྲོལ་བའི་མན་ངག་བཤད་པ་གཉིས་སོ།
                        དང་པོ་ཡི་གེའི་སྦྱོར་བ་བཤད་པལ། ཡི་གེའི་སྦྱོར་བའི་གཞི་ཡི་གེའི་རྣམ་བཞག་དང༌། ཡི་གེའི་སྦྱོར་བ་དངོས་ཀྱིས་མིང་ཚིག་གི་འཇུག་པ་བསྟན་པ་གཉིས་སོ། །དང་པོ་ཡི་གེའི་སྦྱོར་བའི་གཞི་ཡི་གེའི་རྣམ་བཞག་བསྟན་པལ། དབྱེ་བའི་སྒོ་ནས་ངོ་བོ་ངོས་བཟུང་བ་དང༌། སྔོན་རྗེས་སུ་འཇུག་པ་དང་མི་འཇུག་པའི་ཁྱད་པར་བསྟན་པ་གཉིས་སོ། །དང་པོ་དབྱེ་བའི་སྒོ་ནས་ངོ་བོ་ངོས་བཟུང་བ་བསྟན་པལ་ཡང་རྩ་བའི་དབྱེ་བ་དང༌། ཡན་ལག་གི་དབྱེ་བ་གཉིས་ལས། དང་པོ་རྩ་བའི་དབྱེ་བནི།
                        ཡི་གེ་ཨཱ་ལི་ཀཱ་ལི་གཉིས།
ཞེས་གསུངས་ཏེ། ཨཱ་ལི་ནི་ཨ་ཕྲེང་སྟེ་དབྱངས་དང༌། ཀཱ་ལི་ནི་ཀ་ཕྲེང་སྟེ་གསལ་བྱེད་དོ། །གཉིས་ཞེས་པ་ཡི་གེའི་ངོ་བོ་ཉིད་དེ་གཉིས་སུ་ངེས་པར་སྟོན་པའོ།

                        གཉིས་པ་ཡན་ལག་གི་དབྱེ་བ་ནི།
ཨཱ་ལི་གསལ་བྱེད་ཨི་སོགས་བཞི།
ཀཱ་ལི་སུམ་ཅུ་ཐམ་པའོ།
ཞེས་གསུངས་ཏེ། ཨཱ་ལི་ནི་ཨ་ཕྲེང་དང༌། གསལ་བྱེད་ནི་གསལ་བར་བྱེད་པ་སྟེ། མཚོན་པར་བྱེད་པ་ཞེས་བྱ་བའི་དོན་ནོ། །གང་གསལ་བར་བྱེད་ན། ཨཱ་ལི་སྟེ་ཨ་ཕྲེང་ངོ༌། །ཚུལ་ཇི་ལྟར་མཚོན་པར་བྱེད་ན། བོད་ཀྱི་དབྱངས་ལ་ཨ་ཡིག་མེད་པས། ཨ་ཕྲེང་གི་དོན་དངོས་སུ་མེད་ཀྱང༌། རྒྱ་གར་གྱི་དབྱངས་ལ་ཨ་ཡིག་ལ་སོགས་པའི་ཕྲེང་བ་དངོས་སུ་ཡོད་པས་དེ་ལ་ཨ་ཕྲེང་ཞེས་བཏགས་པ་བཞིན་དུ། བོད་ཀྱི་ཨི་ལ་སོགས་པ་ཡང་དེའི་ནང་ནས་ཕྱུངས་ཤིང་དེ་དང་ཆ་མཐུན་པས་ཨཱ་ལི་ཞེས་གདགས་སུ་རུང་བར་མཚོན་ཞིང་གོ་བར་ནུས་པའི་སྒོ་ནས་སོ། །དེའི་གྲངས་ངེས་བསྟན་པའི་ཕྱིར། ཨི་སོགས་བཞི། ཞེས་སྨོས་ཏེ། ཨི་ལ་སོགས་པ་ཨུ་ཨེ་ཨོ་བཞི་ཡོད་པས་དེར་ངེས་པའོ། །ཀཱ་ལི་ཀ་ཕྲེང་ནི་སུམ་ཅུ་ཐམ་པ་སྟེ། ཀ་ཁ་ག་ང༌། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་རྣམས་སུ་ངེས་པའོ། །འདིར་བོད་སྐད་སོར་བཞག་ལ། རིང་ཐུང་གི་རྣམ་བཞག་མེད་པས། རྒྱ་གར་གྱི་དབྱངས་ནས་ཨཱ་ཨིའ་ཨཱུ་ཨཻ་ཨཽ་རྣམས་དང༌། རྀ་རྀའ་ལྀ་ལྀའ་བཞི་མི་མཁོ་བས་བོར་ཞིང༌། དབྱངས་དང་པོ་ཨ་ཡིག་དེ་བོད་ཀྱི་གསལ་བྱེད་ཐ་མར་བསྣན་པས། དེའི་ལྷག་མ་ཨི་ཨུ་ཨེ་ཨོ་བཞི་ལ་དབྱངས་ཀྱི་ངེས་པ་མཛད་དོ། །གསལ་བྱེད་ཀྱང་རྒྱ་གར་གྱི་སྡེ་བའི་བཞི་པ་གྷ་ཛྷ་ཌྷ་དྷ་བྷ་དང༌། ལོག་པ་ཊ་ཋ་ཌ་ཎ་སྟེ་དགུ་དང༌། དྲོ་བ་ཥ་ཡིག་བཅས་པ་དང་བཅུ་བོར་བའི་ལྷག་མ་ཉེར་གསུམ་གྱི་སྟེང་དུ། བོད་སྐད་ལ་ཉེ་བར་མཁོ་བ་སྟོད་དུ་ཅ་ཆ་ཇ་གསུམ་དང༌། འོག་ཏུ་ཞ་ཟ་འ་གསུམ་དང་དྲུག་གི་སྟེང་དུ། དབྱངས་ནས་བོར་བའི་ཨ་ཡིག་དང་བཅས་པ་བདུན་བསྣན་པས་སུམ་ཅུ་ཐམ་པར་ངེས་པ་མཛད་དོ། །ཨཱ་ལི་གསལ་བྱེད་ཅེས་པའི་གསལ་བྱེད་ལ། རྣམ་གླིང་པ་སོགས་མཁས་པ་སྔ་མ་དུ་མས་གཞན་དུ་བཤད་པ་མང་ཡང༌། གོང་དུ་བཤད་པ་ལྟར་ཞྭ་ལུ་ལོ་ཆེན་གྱིས་ཀྱང་བཞེད་ཅིང་དེ་ཉིད་འཐད་པར་ངེས་ཏེ། འདི་ལྟར། འགའ་ཞིག་ལ་རྒྱ་གར་ནས་ཨ་ཡིག་དང་པོར་བྱས་པའི་དབྱངས་ཀྱི་ཕྲེང་བ་ཡོད་པས་ཨ་ཕྲེང་ཞེས་གདགས་རིགས་ཀྱི། བོད་ཀྱི་དབྱངས་ལ་ཨ་ཡིག་མེད་ཀྱང༌། ཨི་ཡིག་ལ་སོགས་པའི་ཕྲེང་བ་ཡིན་པ་ལ། ཅིའི་ཕྱིར་ཨ་ཕྲེང་ཞེས་བཏགས་སྙམ་པའི་དོགས་པ་སྐྱེ་བས། དེ་སེལ་བའི་ཕྱིར། བོད་ཀྱི་ཨི་ལ་སོགས་པ་རྒྱ་གར་གྱི་ཨ་ཕྲེང་གི་ནང་ནས་ཕྱུངས་པ་ཡིན་ཞིང༌། ཨ་ཕྲེང་ཞེས་རྒྱ་གར་ན་དབྱངས་ཀྱི་སྤྱི་མིང་མཛད་པ་ཡིན་པས། བོད་ན་ཡང་ཨི་སོགས་བཞི་ལ་ཨ་ཕྲེང་ཞེས་བཏགས་པ་ན། རྒྱ་གར་ན་ཨཱ་ལིར་གྲགས་པའི་དབྱངས་དེའི་ཆ་མཐུན་བོད་ན་ཡང་ཡོད་པར་གོ་ཞིང་མཚོན་པའམ་གསལ་བར་བྱེད་པ་དང༌། བཏགས་པའི་དགོས་པ་ཡང༌། འོག་ནས།
དེ་ལ་ཨཱ་ལི་གསུམ་པ་སྦྱར། །ཞེས་སོགས་འབྱུང་བས་ན། ཨཱ་ལིའི་མིང་བརྗོད་པའི་ཚེ་ཨི་སོགས་བཞི་པོ་ཅི་རིགས་གོ་བའི་ཆེད་དུ་བཀོད་པའོ། །གཞན་ཡང་རྣམ་གླིང་པས། ཨཱ་ལི་ཤེས་རབ་ཀྱི་ཆ་དང༌། ཀཱ་ལི་ཐབས་ཀྱི་རང་བཞིན་ཞེས་བཤད་པ་ཡང༌། ཐུན་མོང་བའི་རིག་གནས་ཀྱི་སྐབས་སུ་གསང་སྔགས་ཀྱི་མཚོན་དོན་འཆད་པ་སྐབས་སུ་མ་བབ་ཅིང༌། གཞུང་དོན་རྟོགས་པ་ལ་ཅུང་ཟད་ཀྱང་མི་མཁོའོ། །ཡང་དག་ཡིག་ངག་སྒྲོན་དུ།
དབྱངས་ལྔ་ཡ་ར་ལ་ཝའི་འདོགས། །ཞེས་བཤད་པ་ཡང་གཞུང་འདི་དང་དངོས་སུ་འགལ་ལོ།

                        གཉིས་པ་སྔོན་རྗེས་སུ་འཇུག་པ་དང་མི་འཇུག་པའི་ཁྱད་པར་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་མདོར་བསྟན་པནི།
                        དེ་ལས་རྗེས་འཇུག་བཅུ་ཡིན་ཏེ།
                དེ་ལས་ལྔ་ནི་སྔོན་དུའང་འཇུག
                མི་འཇུག་པ་ནི་ཉི་ཤུ་འོ།
ཞེས་གསུངས་ཏེ། དེ་ནི་བརྗོད་ཟིན་འདས་པ་དེའོ། །དེ་ཡང་གོང་གི་ཀཱ་ལི་སུམ་ཅུ་པོ་དེ་ལས་ཞེས་པ་སྟེ། ལས་ཞེས་པ་དགར་བའི་དོན་ནོ། །གང་དགར་ན། རྗེས་འཇུག་གི་ཡི་གེ་བཅུ་དགར་བ་སྟེ། དགར་གཞི་ཀཱ་ལི་སུམ་ཅུའི་ནང་ནས། དམིགས་སུ་བཀར་ཏེ་རྗེས་འཇུག་ཕྱུངས་པའོ། །ཏེ་ནི་ཚིག་གི་ལྷག་མ་གཞན་ཡོད་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་ལས། ཡི་གེ་ལྔ་ནི་རྗེས་སུ་མ་ཟད་སྔོན་དུའང་འཇུག་ཅེས་པ་དེ་འདྲེན་པའོ། །དེ་ལས་ཞེས་པ་ནི་གོང་ལྟར་རོ། །འང་ནི་སྔ་མར་མ་ཟད་པའོ། །རྗེས་འཇུག་ཕྱུངས་ཟིན་པའི་ལྷག་མ་ཉི་ཤུ་པོ་རྣམས་ནི། སྔོན་རྗེས་གང་ལ་ཡང་མི་འཇུག་པར་མིང་གཞི་ཁོ་ནར་གནས་པའོ། །དེ་ལྟར་ཀཱ་ལི་སུམ་ཅུ་པོའི་ནང་ནས་རྗེས་འཇུག་བཅུ་ཕྱུངས། རྗེས་འཇུག་བཅུའི་ནང་ནས་སྔོན་འཇུག་ལྔ་བཏོན་ཅིང༌། དེའི་ལྷག་མ་ཉི་ཤུ་པོ་སྔོན་རྗེས་གང་ལའང་མི་འཇུག་ཅེས་པའོ།

                        གཉིས་པ་རྒྱས་པར་འཆད་པ་ལ། ཐོག་མར་སྡེ་ཚན་དབྱེ་བའི་ཕྱིར།
                        ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི།
                བཞི་བཞི་དག་ཏུ་ཕྱེ་བ་ལས།
ཞེས་གསུངས་ཏེ། ཀཱ་ལི་སུམ་ཅུ་པོ་སྡེ་ཚན་ཕྱེད་དང་བརྒྱད་དུ་གནས་པ་ནི། ཡིག་འབྲུ་བཞི་ཚན་བཞི་ཚན་དག་ཏུ་ཕྱེ་བའི་དབང་དུ་བྱས་པའོ།

                        དེ་ཉིད་ལས་རྗེས་འཇུག་དབྱུང་བའི་ཕྱིར།
                        དང་པོ་གསུམ་པ་བཞི་པ་ཡི།
                མས་གཉིས་དྲུག་པའི་གསུམ་པ་དང༌།
                བདུན་པ་ལ་ནི་ཤ་མ་གཏོགས།
                རྗེས་འཇུག་ཡི་གེ་བཅུ་རུ་བཤད།
ཅེས་གསུངས་ཏེ། གོང་གི་བཞི་ཚན་གྱི་སྡེ་བ་ཕྱེད་དང་བརྒྱད་དུ་གནས་པ་དེ་ལས། སྡེ་ཚན་དང་པོ། ཀ་ཁ་ག་ང་དང༌། སྡེ་ཚན་གསུམ་པ། ཏ་ཐ་ད་ན། སྡེ་ཚན་བཞི་པ། པ་ཕ་བ་མ་དང་བཅས་པ་སྡེ་ཚན་སོ་སོའི་ཡི་གེ་མས་མ་གཉིས་གཉིས་སོ། །དེ་ཡང་སྡེ་བ་དང་པོའི་མས་མ་ག་ང་གཉིས། གསུམ་པའི་མས་མ་ད་ན་གཉིས་དང༌། བཞི་པའི་མས་མ་བ་མ་གཉིས་ཏེ་ཡི་གེ་དྲུག་དང༌། སྡེ་བ་དྲུག་པ་ཞའི་སྡེ་ཚན་གྱི་ཡི་གེ་གསུམ་པ་འ་ཡིག་དང༌། བདུན་པ་རའི་སྡེ་ཚན་གྱི་ཤ་ཡིག་མ་གཏོགས་པའི་ར་ལ་ས་གསུམ་དང་བཅས་པ་བཏོན་པས། ཁྱོན་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་པོ་དེ་ཉིད་རྗེས་འཇུག་གི་ཡི་གེ་བཅུ་རུ་བཤད་པ་ཡིན་ནོ། །ཞེས་སོ།

                        ཡང་རྗེས་འཇུག་གི་ནང་ནས་སྔོན་འཇུག་དབྱུང་བའི་ཕྱིར།
                        རྗེས་འཇུག་ཡི་གེ་བཅུ་ཉིད་ལས།
                དང་པོ་གསུམ་པ་ལྔ་པ་དྲུག
                བདུན་པ་རྣམས་ནི་སྔོན་དུའང་འཇུག
ཅེས་གསུངས་ཏེ། རྗེས་འཇུག་གིཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་པོ་དེ་ཉིད་ལས། གྲངས་དང་པོ་ག གསུམ་པ་ད། ལྔ་པ་བ། དྲུག་པ་མ། བདུན་པ་འ་ཡིག་སྟེ་ལྔ་པོ་དེ་རྣམས་ནི་རྗེས་སུ་འཇུག་པར་མ་ཟད་སྔོན་དུའང་འཇུག་གོ །ཞེས་པའོ།
                        དེ་ནས་མི་འཇུག་པ་བསྟན་པའི་ཕྱིར།
མིང་གཞི་གཉིས་སམ་སུམ་སྦྲེལ་ལམ།
དེ་ལ་དབྱངས་ཀྱི་གཞི་ལྡན་ཡང༌།
གང་དུའང་འཇུག་མིན་སྦྱར་བའང་མིན།
ཞེས་གསུངས་ཏེ། གོང་དུ་རྗེས་འཇུག་ཕྱུངས་ཟིན་པའི་ལྷག་མ། ཀ་ཁ། ཅ་ཆ་ཇ་ཉ། ཏ་ཐ། པ་ཕ། ཙ་ཚ་ཛ་ཝ། ཞ་ཟ་ཡ། ཤ། ཧ་ཨ་སྟེ། སྔོན་འཇུག་གང་དུའང་མི་འཇུག་པའི་མིང་གཞི་ཁོ་ནར་གནས་པ་ཉི་ཤུ་པོ་དེའི་ནང་ནས། ཀཏ། ཏཕ། ལྟ་བུ་ཀ་དང་ཏ་ཡིག་སྔོན་དུ་འཇུག་པ་དང༌། ཆཀ། ཐཝ་ལྟ་བུ། ཀ་དང་ཝ་རྗེས་སུ་འཇུག་པ་ཉིས་སྦྲེལ་ལམ། ཡང་ན། ཕཁཉ། ཀཞཝ་ལྟ་བུ་སྔོན་རྗེས་གཉིས་ཀ་ཡོད་པའི་སུམ་སྦྲེལ་ལམ། དེ་དག་ལ་དབྱངས་ཀྱི་གཞི་སྟེ། ཨི་ལ་སོགས་པའི་སྲོག་དང་ལྡན་པ། ཀཏི། ཏཕུ། ཆེཀ ཐོཝ། ཕཁོཉ། ཀཞིཝ་ལྟ་བུ་བོད་སྐད་ཀྱི་ཡི་གེ་ལ་འབྱུང་བ་མི་སྲིད་ལ། སྲིད་ན་ཡང་གསུང་རབ་ཀྱི་ཐ་སྙད་གང་དུའང་འཇུག་པ་མིན་ཞིང༌། ཐུ་མི་བདག་གིས་སྦྱར་བའང་མིན་ནོ། །ཞེས་པའོ། །འདིར་ཡང་གཞན་དུ་བཤད་པ་མང་ཡང་མངས་སུ་དོགས་ནས་མ་བཀོད་ཅིང༌། རྣམ་དཔྱོད་ཀྱིས་ལེགས་པར་བརྟགས་ན་འདི་ཁོ་ན་འཐད་པར་སེམས་སོ།

                        གཉིས་པ་ཡི་གེའི་སྦྱོར་བ་དངོས་ཀྱིས་མིང་ཚིག་གི་འཇུག་པ་བསྟན་པ་ལ། རྣམ་དབྱེ་འཕྲོས་དོན་དང་བཅས་པ་བཤད་པ་དང༌། ཚིག་ཕྲད་རྐྱང་པ་བཤད་པ་གཉིས་སོ། །དང་པོ་རྣམ་དབྱེ་འཕྲོས་དོན་དང་བཅས་པ་བཤད་པལ། རྣམ་དབྱེ་དང་པོ་དང་འབྲེལ་བ་གོ་ལ་སོགས་པ་བཤད་པ་དང༌། རྣམ་དབྱེ་གཉིས་པ་སོགས་བཤད་པ་དང༌། རྣམ་དབྱེ་དྲུག་པ་ཉིད་བསྟན་པ་དང༌། རྣམ་དབྱེ་གསུམ་པ་ཉིད་བསྟན་པ་དང༌། དེ་དག་གི་ཡི་གེའི་སྦྱོར་ཚུལ་ལས་འཕྲོས་ནས་ཚིག་རྒྱན་སོགས་བཤད་པ་དང༌། རྣམ་དབྱེ་ལྔ་པ་སོགས་བཤད་པ་དང༌། རྣམ་དབྱེ་བརྒྱད་པ་ཉིད་བསྟན་པ་དང་བདུན་ནོ། །དེ་དག་ལས།
                        རྣམ་དབྱེ་དང་པོ་དང་འབྲེལ་བ་འཆད་པའི་དབང་དུ་བྱས་ཏེ། མཐའ་གང་དུ་འཇུག་པའི་ཡི་གེ་ངོས་བཟུང་བའི་ཕྱིར།
                        རྗེས་འཇུག་ཡི་གེ་བཅུ་པོ་ནི།
                མིང་གང་གི་ནི་མཐར་སྦྱར་བ།
                དེ་ལ་ཨཱ་ལི་བཞི་པ་སྦྱར།
ཞེས་གསུངས་ཏེ། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་ཉིད་ནི། མིང་འབྲུག  གླང༌། དྲེད། བོན། ཤེས་རབ། ལམ། དགའ། གསེར། དངུལ། འདུས་བྱས་སོགས་གང་དང་གང་གི་མཐར་སྦྱར་བ་དེ་ལ། སླར་ཡང་རྗེས་འཇུག་རང་འདྲར་ཨཱ་ལི་བཞི་པ་ཨོ་སྦྱར་བའི་གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་ཞེས་པའི་སྒྲ་སྦྱར་ཏེ། འབྲུག་གོ །གླང་ངོ༌། །དྲེད་དོ། །བོན་ནོ། །ཤེས་རབ་བོ། །ལམ་མོ། །དགའ་འོ། །གསར་རོ། །དངུལ་ལོ། །འདུས་བྱས་སོ། །ཞེས་དང༌། ཤུགས་ལ་བསྟན་པ་ད་དྲག་གི་དབང་གིས། ཕྱིནད་ཏོ། །གྱུརད་ཏོ། །སྩལད་ཏོ་ལ་སོགས་པ་འབྱུང་ངོ༌།

དེ་ཉིད་ཀྱི་མིང་བསྟན་པའི་ཕྱིར།
                        སླར་བསྡུ་བར་ནི་ཤེས་པར་བྱ།
ཞེས་གསུངས་ཏེ། དེའི་ཐ་སྙད་སླར་བསྡུ་བ་ཞེས་བྱ་བར་ནི་ཤེས་པར་བྱའོ། །དེ་ཡང་རང་གང་ལ་སྦྱར་བའི་མིང་ཟླ་སྡུད་པ་ཙམ་ཡིན་གྱི། ལྷག་མ་གཞན་མི་སྟོན་པ་མིན་ཏེ། སྨྲ་སྒོ་ལས།
                        འོ་ལ་སོགས་པ་ཟླ་སྡུད་པའོ། །ཞེས་གསུངས་སོ། །དེའི་ཕྱིར་རྫོགས་ཚིག་ཅེས་ཀྱང་བྱ་སྟེ། དོན་དེ་རེ་ཞིག་རྫོགས་པར་སྟོན་པའི་ཕྱིར་རོ། །ལེགས་སྦྱར་གྱི་སྐད་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་སྦྱར་བ་ན། མིང་ཙམ་དུ་མ་བསྡད་པར་ཚིག་ཏུ་གྲུབ་པ་ཡིན་ཀྱང༌། བོད་འདིར་མིང་ཙམ་ཁོ་ན་ལ་རྣམ་དབྱེ་དང་པོ་ཞེས་བྱ་ཞིང༌། རྫོགས་ཚིག་སྦྱར་ཡང་མིང་ཙམ་ལས་ཚིག་ཏུ་མི་འགྲུབ་བོ། །དེའི་ཕྱིར་བུམ་པའོ་ཞེས་བྱ་བ་ཡང་རྣམ་དབྱེ་དང་པོའི་གཅིག་ཚིག་ཁོ་ནའོ།
སྐབས་འདིར་ཞྭ་ལུ་ལོ་ཆེན་སོགས་མཁས་པ་དུ་མས་བྱའོ་སྙམ་ནས་ཡོད་དོ་ཞེས་པ་སླར་བསྡུ་རྫོགས་ཚིག་ཅན་དང་དངོས་མིན་པར་སླར་བསྡུ་ཙམ་པོ་བ་ཡིན་ནོ། །གསུངས་པ་འཐད་པར་མི་སེམས་ཏེ། འོ་ན་སླར་བསྡུ་ཙམ་ཞིག་ཡིན་ན་སླར་བསྡུ་ཡིན་དགོས་སམ་མི་དགོས། མི་དགོས་ན་སླར་བསྡུ་ཡིན་ན། སླར་བསྡུ་དང་ཁྱད་པར་ཅན་ཡིན་དགོས་པར་འགྱུར་ལ། དེ་ལྟར་ན་སླར་བསྡུ་ཙམ་པོ་བ་ཁྱད་པར་ཅན་གཉིས་སུ་ཕྱེ་བ་འགལ་ལོ། །དགོས་ན་སླར་བསྡུ་ཙམ་པོ་བ་ཡང༌། སླར་བསྡུ་ཡིན་པས། སླར་བསྡུ་དངོས་མིན་གསུངས་པ་དང་འགལ་ལོ། །གཞན་ཡང་སླར་བསྡུ་ཙམ་པོ་བ་ཞེས་པ་དེ། སླར་བསྡུ་ཙམ་གྱི་མིང་ཡིན་ནམ་མིན། མིན་ན་གང་གི་མིང་ཡིན་པ་འཆད་དགོས་ལ། ཡིན་ན་སླར་བསྡུ་ཙམ། སླར་བསྡུ་མིན་གསུངས་པར་འདུག་པས། མིང་ཙམ་ཡང་མིང་མིན་གསུང་ནུས་སམ། ནུས་ན་ནི། མིང་ལ་མིང་ཁྱད་པར་ཅན་གྱིས་ཁྱབ་པར་འགྱུར་རོ། །གཞན་ཡང་བྱའོ་སྙམ་ནས། ཞེས་པའི་འོའི་སྒྲ་སླར་བསྡུ་རྫོགས་ཚིག་ཅན་མིན་པའི་རྒྱུ་མཚན། སྙམ་ནས་ཞེས་པ་དང་སྦྲེལ་བས་ཡིན་ན། འོ་ན་བསླབ་པར་བྱའོ། །ཞེས་སོགས་ལ་ཡང་ཕྱི་མར་ཞེས་དང་དེ་སྐད་སོགས་སྦྲེལ་བ་ཡོད་པས། དེ་དག་ཀྱང་སླར་བསྡུ་མིན་པར་འགྱུར་ཞིང༌། དེ་ལྟར་ན་ཕྱི་མར་ཚིག་གཞན་མེད་པའི་འོ་ལ་སོགས་པའི་སྒྲ་སྦྱར་བ་དཀོན་པས་སླར་བསྡུ་ཡང་རྙེད་དཀའ་བར་གྱུར་རོ། །དེས་ན་བྱའོ་ཞེས་པའི་འོའི་སྒྲ་རྫོགས་ཚིག་ཡིན་ཞིང༌། དེའི་མཐར་མིང་གཞན་སྦྲེལ་བ་ཡོད་ཀྱང༌། འོའི་སྒྲས་དེ་འདྲེན་པ་མིན་ནོ། །རྣམ་གླིང་པས་ཀྱང༌། དེ་དང་ཆ་མཐུན་པར་མཛད་ཁུལ་བྱས་ནས། དཔེར་བརྗོད་ལ། རྟག་གོ །མཐོང་ངོ་སོགས་སླར་བསྡུ་རྫོགས་ཚིག་ཅན་དངོས་དང༌། བརྟག་གོ །འབྱུང་ངོ༌། །འདོད་དོ་སོགས་སླར་བསྡུ་ཙམ་པོ་བ་ཡིན་གསུངས་པ་ནི་ཧ་ཅང་དཔའ་ཐལ་ཞིང་བློ་ལྡན་རྣམས་ཁྲེལ་བའི་གནས་ཡིན་པར་རྟོགས་སླའོ། །འདི་རྣམས་སླར་བསྡུ་དངོས་ཡིན་པ་ལ་དོགས་པ་དེ་འདྲ་མི་དགོས་ཀྱི། དེ་བས་བྱེད་པ་པོ། ཚོང་བ་པོ། ཡིན་པར་གོ ད་ཀོ བཙུན་མོ། སྤྱི་བོ་སོགས་བདག་པོ་དང༌། མོ་རྟགས་དང༌། རིགས་པ་དང༌། ངེས་གཟུང་སོགས་དོན་གཞན་ལ་འཇུག་པ་དེ་རྣམས་དང་མ་འཁྲུལ་བ་དགོས་སོ་ཞེས་གསུངས་ན་དོན་ཆེའོ།

གཉིས་པ་རྣམ་དབྱེ་གཉིས་པ་སོགས་འཆད་པ་ལ། ཐོག་མར་འཇུག་པའི་ཡི་གེ་ངོས་བཟུང་བ་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ལས།
གང་མིང་མཐའ་ན་བཅུ་པ་གནས།
དེ་ལ་ཨཱ་ལི་གཉིས་པ་སྦྱར།
གང་མིང་མཐའ་ན་བརྒྱད་པ་གནས།
དེ་ལ་གཉིས་པ་ཨུ་ཡང་སྦྱར།
གང་མིང་མཐའ་ན་གསུམ་པ་གནས།
དེ་ལ་ཨཱ་ལི་གཉིས་པ་སྦྱར།
བཞི་པ་དགུ་པ་དངོས་ཀྱང་སྟེ།
ཞེས་གསུངས་ཏེ། རྗཻས་འཇུག་གི་ཡི་གེ་བཅུ་པོ་ལས་ཏེ། དེའི་ནང་ནས། གང་ཡང་རུང་བའི་མིང་གི་མཐའ་ན། རྗེས་འཇུག་བཅུ་པ་ས་ཡིག་གནས་ཤིང༌། དེ་དང་མཐུན་པའི་ས་ཡིག་ལ། ཨཱ་ལི་གཉིས་པ་ཨུ་སྦྱར་བ་སུ་དང༌། གང་ཡང་རུང་བའི་མིང་གི་མཐའ་ན། རྗེས་འཇུག་བརྒྱད་པ་ལ་དོན་གྱི་ར་ཡིག་གནས་པ་དེ་ཉིད་ལ། ཨཱ་ལི་གཉིས་པ་ཨུ་ཡང་སྦྱར་བ་རུ་དང༌། གང་ཡང་རུང་བའི་མིང་གི་མཐའ་ན། རྗེས་འཇུག་གསུམ་པ་ད་ཡིག་གནས་ཤིང༌། དེ་དང་མཐུན་པའི་ད་ཡིག་ལ་ཨཱ་ལི་གཉིས་པ་ཨུ་སྦྱར་བ་དུ་དང༌། རྗེས་འཇུག་བཞི་པ་ན་དང༌། དགུ་པ་ལ་ཡིག་གཉིས་པོ་དངོས་ཏེ། དབྱངས་སྦྱར་བ་ལ་མ་ལྟོས་པར་འོག་གི་དོན་རྣམས་ལ་འཇུག་པའོ། །ཀྱང་ནི་དབྱངས་སྦྱར་བ་རྣམས་སུ་མ་ཟད་པའོ། །སྟེ་ནི་ལྷག་མ་འདྲེན་པའོ།
དེ་ལྟར་ངོས་བཟུང་བའི་སུ་རུ་དུ་ན་ལ་རྣམས་ཀྱི་འཇུག་པ་བསྟན་པའི་ཕྱིར།
                        ལས་དང་ཆེད་དང་རྟེན་གནས་དང༌།
                དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།
ཞེས་གསུངས་ཏེ། དེ་རྣམས་ཀྱི་འཇུག་ཡུལ་འདིར་དངོས་སུ་བསྟན་པ་ནི་ལྔ་སྟེ། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང༌། བཞི་པ་དགོས་ཆེད་དང༌། བདུན་པ་གནས་གཞིའམ་རྟེན་གནས་དང༌། དེ་ཉིད་དམ་བདེན་པ་དང༌། ཚེ་སྐབས་རྣམས་ལ་འཇུག་པ་ལ། ལའི་སྒྲ་དང་མཐུན་པ་ཡིན་ནོ།
དེ་ལྟར་སུ་ལ་སོགས་པ་རྣམས། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ལ་འཇུག་པ་ནི། དཔེར་ན། གཡས་སུ་ཉལ། ཁོག་མ་རུ་ཤ་འཚོས། ལམ་དུ་ཕྱིན། སེ་ར་ན་ཆོས་ཉན། ཞེས་གསུངས་པ་སོགས་རྗེས་འཇུག་གི་དབང་གིས་ཡི་གེ་མི་མཐུན་ཡང༌། དེ་རྣམས་ཐམས་ཅད་ལ། ལ་ཡིག་འཇུག་སྟེ། གཡས་ལ་ཉལ། ཁོག་མ་ལ་ཤ་འཚོས། སེ་ར་ལ་ཆོས་ཉན་ལྟ་བུ་དང༌། ད་དྲག་སོགས་ཀྱི་དབང་གིས་འཐོབ་པ། ཕྱི་རོལ་ཏུ་བསྡད། ཐབ་ཏུ་མེ་བཏང༌། ལག་ཏུ་སྤྲད་སོགས་ལྟ་བུའོ།
རྣམ་དབྱེ་བཞི་པ་དགོས་ཆེད་ལ་འཇུག་པ་ལ་ཡང༌། ལའི་སྒྲ་དང་མཐུན་ཏེ། དཔེར་ན། མཐོ་རིས་སུ་སྨོན་ལམ་ཐོབ། ཐར་པ་ཐོབ་པ་རུ་བདག་མེད་བསྒོམ། གྲལ་གྱི་ཆེད་དུ་འཚངས། འགྱེད་ཀྱི་ཕྱིར་དུ་བསྒྲིམས། སྐལ་བའི་དོན་དུ་འཐབ། རྒྱན་དུ་གསེར་བརྡུངས། ཚོགས་ན་མང་ཇ་བསྐོལ། ཐར་པ་སྒྲུབ་ཏུ་ངེས་འབྱུང་བསྐྱེད་སོགས་ལ། མཐོ་རིས་ལ་སྨོན་ལམ་ཐོབ། ཐར་པ་ཐོབ་པ་ལ་བདག་མེད་བསྒོམ་སོགས་ཐམས་ཅད་ལ་ལ་ཡིག་སྦྱོར་རུང་བ་ལྟ་བུའོ།
རྣམ་དབྱེ་བདུན་པ་གནས་གཞིའམ་རྟེན་གནས་ལ་འཇུག་པ་ནི། ཤར་ཕྱོགས་སུ་ཡོད། བུམ་པ་རུ་ཆུ་གནས། མདུན་དུ་མི་འདུག གཤམ་དུ་མེ་ལོང་གསལ། བྱང་དུ་ཚྭ་མང༌། རྒྱ་གར་དུ་ཆོས་དར། བོད་དུ་སྣམ་བུ་ལེགས། རབ་གསལ་དུ་དཔོན་པོ་བཞུགས། མདུན་དུ་དཀར་ཡོལ་མཛེས། རྒྱ་ནག་ཏུ་དར་མང༌། རྒྱལ་ཁབ་ཏུ་བཙུན་མོ་གནས། ཕྱི་རོལ་ཏུ་སློང་མོ་བ་འབྱོར་སོགས་ལ། ལ་ཡིག་འཇུག་པ་ནི། ཤར་ཕྱོགས་ལ་ཡོད། བུམ་པ་ལ་ཆུ་གནས། སོགས་ཐམས་ཅད་ལ་ལ་ཡིག་སྦྱར་དུ་རུང་བ་ལྟ་བུའོ།།
དེ་ཉིད་དམ་བདེན་པ་ལ་འཇུག་པནི། བརྗོད་བྱའི་དངོས་པོ་དེའི་རང་བཞིན་ནམ། ངོ་བོར་བདེན་པར་སྟོན་པ་སྟེ། བུམ་པ་ལྟ་བུ་འདུས་བྱས་ཀྱི་ཀུན་རྫོབ་པའི་གནས་ལུགས་སམ་རང་བཞིན་དེ་ཀ་རང་དུ་བདེན་པར་ཡིད་ཆེས་པ་ལ་འདུས་བྱས་སུ་གྲུབ། ཅེས་པ་དང༌། དེ་བཞིན་དུ། ཆོས་སུ་གནས། མི་སླུ་བ་རུ་ངེས། ཆོས་ཉིད་དུ་གསལ། དོན་དུ་གནས། དགྲ་བཅོམ་དུ་གྲུབ། མི་རྟག་པ་རང་དུ་འདུག གསེར་དུ་གསལ། གསལ་དུ་བཏང༌། དེ་ཀ་རང་ན་འདུག རྟག་ཏུ་གནས། རབ་ཏུ་གྲུབ། ཤིན་ཏུ་བདེན་སོགས་ལྟ་བུའོ། །དེ་རྣམས་ཀྱི། རྟག་ཏུ། རབ་ཏུ། ཤིན་ཏུ་སོགས་ལ། ལ་ཡིག་སྦྱར་ན་མི་མཛེས་ཤིང་བརྗོད་མི་བདེ་བས། དེ་འདྲའི་རིགས་མ་གཏོགས་པ་ཕལ་ཆེར་ལ་ལ་ཡིག་སྦྱར་དུ་རུང་ངོ༌།
ཚེ་སྐབས་ལ་འཇུག་པ་ནི། དེའི་དུས་ཀྱི་ཚེ། དེའི་དུས་ཀྱི་སྐབས་ཞེས་པ་དང་དོན་གཅིག་པར་འཇུག་པ། དེའི་དུས་ན། དེའི་དུས་སུ། དེའི་དུས་ལ་ཞེས་པས་མཚོན་ཏེ། ཉིན་གུང་ལ་སླེབ་པ་རུ། ཉི་མ་ཕྱེད་དུ། ཉི་ཤར་དུ། ཕྱེད་ཡོལ་དུ། དུས་གཞན་དུ། ཉི་ནུབ་ཏུ། ཞེས་སོགས་པ་ལ། དེའི་དུས་ཀྱི་ཚེ། ཉིན་གུང་ལ་སླེབ་པའི་ཚེ། ཉི་མ་ཕྱེད་ཀྱི་ཚེ། ཉི་ཤར་གྱི་ཚེ། ཕྱེད་ཡོལ་གྱི་ཚེ། དུས་གཞན་གྱི་ཚེ། ཉི་ནུབ་ཀྱི་ཚེ་ཞེས་ཚེ་སྦྱར་བ་དང་འདྲ་བ་དང༌། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པ་དང༌། གཞན་ཡང་གཞུང་རྣམས་ནས་རྒྱ་ཆེར་འབྱུང་བ་རྣམས་ཀྱང་ལའི་སྒྲ་དང་དོན་མཐུན་ནོ།
རུ་བསྡུས་པའི་ར་ཡིག་ཀྱང་ལ་དང་མཐུན་ཏེ། དཔེར་ན། ཁོག་མར་ཤ་བཙོས་ཞེས་པ་གཉིས་པ་ལས་སུ་བྱ་བ་དང༌། གྲྭ་སར་ཁང་པ་བརྩིགས་ལྟ་བུ་ལྟ་བུ་བཞི་པ་དགོས་ཆེད་དང༌། བུམ་པར་ཆུ་ཡོད་ལྟ་བུ་བདུན་པ་གནས་གཞི་དང༌། མི་རྟག་པར་གྲུབ་ལྟ་བུ་དེ་ཉིད་དང༌། སྔ་མོར་ཕྱིན་ལྟ་བུ་ཚེ་སྐབས་ལ་འཇུག་ཅིང༌། དེ་རྣམས་ཀྱི། ར་ཡིག་འཐོབ་པ་ལ་ལ་ཡིག་ཀྱང་འཐོབ་བོ།
རྣམ་གླིང་པས། དེ་ལ་གཉིས་པ་ཨུ་ཡང་སྦྱར། །ཞེས་པ་ལ་རྟེན་གཞིའི་སྒྲ་ར་ཡིག་ཉམས་པ་ཡིན་པས་གཉིས་པ་ཨུ་ཡང་སྦྱར། ཞེས་པ་འཐད་པའི་རྒྱུ་མཚན་ར་མཐར་རུ་མི་འབྱུང་ཞིང༌། འདིའི་གཉིས་པ་སྔོན་འཇུག་གི་གཉིས་པ་ད་ཡིག་ཡིན་པས། ད་ལ་ཨུ་སྦྱར་བའི་དུ་ཞེས་པ་ར་མཐར་མཐུན་པས་སོ། །ཞེས་འཆད་ཀྱང༌། མ་དགོངས་པར་གསལ་ཏེ། འདིར་ཡང་གི་སྒྲ་དམིགས་ཀྱིས་སྦྱར་བ་ནི། དཔེར་ན། བུམ་པར་ཆུ་ཡོད། ཅེས་པ་ལྟ་བུ་ལ་མཚོན་ན། དེའི་ར་ཡིག་རྣམ་དབྱེ་བདུན་པར་འཇུག་པར་མ་ཟད། སུ་དང་དུ་ལྟ་བུ་རྗེས་འཇུག་སྔ་མ་ལས་ལོགས་སུ་རང་འདྲར་ཨུ་སྦྱར་བ་མིན་པར། ར་དེ་ཉིད་ལ་ཨུ་སྦྱར་བ་ཡང་འཇུག་པའི་དོན་དུ་གསལ་ཞིང༌། ཨུ་སྦྱར་ཞེས་པའི་འཇུག་ཏུ་ཡང་འཐོབ་ཀྱང༌། ཚིག་སྦྱོར་གྱི་དབང་གིས་མ་ཡིན་ནོ། །ར་ཡིག་འཐོབ་པའི་དབང་དུ་བྱས་ན་ཡང༌། རྟེན་གཞིའི་སྒྲ་ཡིན་པ་མི་འཐད་དེ། ཨུ་སྦྱོར་བའི་བྱ་བ་དངོས་སུ་བྱེད་པའི་གཞི་ད་ཡིག་ཡིན་པར་རྟོགས་སླ་བའི་ཕྱིར་རོ། །སྨྲ་སྒོར་ཡང༌། འཇུག་ཚུལ་ཕལ་ཆེར་གཞུང་འདི་དང་མཐུན་པར།
ལ་ནི་གཉིས་པ་བཞི་པ་དང༌།
བདུན་པ་སྡུད་དང་སྦྱོར་བ་དང༌།
སྨོན་དང་ཚད་འཛིན་གཞི་དང་ནི།
ཚེ་སྐབས་དག་ཏུ་འདོད་པ་ཡིན། །ཞེས་རྣམ་དབྱེ་གཉིས་པ་བཞི་པ་བདུན་པ་དང༌། ཚེ་སྐབས་རྣམས་ལ་འཇུག་པར་བཤད་ཅིང༌། གཞུང་འདིར་མ་བཤད་པ། སྡུད་པ་དང༌། མཚམས་སྦྱོར་དང༌། སྨོན་པ་དང༌། ཚད་འཛིན་བཞི་ལ་འཇུག་པར་བཤད་ལ་དཔེར་བརྗོད་ཀྱང༌། དེའི་འགྲེལ་བར། སྡུད་པ་ལ་ལག་པ་བསྙལ་ལ་ཟས་ཟ། ཞེས་པ་དང༌། སྦྱོར་བ་ལ་འདི་ན་མེད་ཡོད་ལ། འདི་ན་མེད་དོ། །ཞེས་པ་དང༌། སྨོན་པ་ལ་བདག་ནམ་ཞིག་ན་འདི་ལྟ་བུ་ཞིག་ཏུ་གྱུར་ལ་གྱུར་ནས་ཀྱང༌། ཞེས་དང༌། ཚད་འཛིན་ལ། ཇི་ཙམ་ལ། དེ་ཙམ་ལ། ཞེས་པ་རྣམས་བཀོད་མོད། འདི་དག་ལས་ཚད་འཛིན་མ་གཏོགས་གཞན་རྣམས་ལྷག་མ་འདྲེན་ལུགས་ཀྱི་རྣམ་གྲངས་མི་འདྲ་བ་ཙམ་ལས། དོན་དུ་ལྷག་བཅས་ཀྱི་སྟེའི་སྒྲ་དང་བྱ་བ་གཅིག་པ་ནི། ལག་པ་བསྙལ་ཏེ་ཟས་ཟ། འདི་ན་མེ་ཡོད་དེ་འདི་ན་མེད་དོ། །ཞེས་སོགས་བྱ་རྒྱུ་ཡིན་པས། ལྷག་བཅས་ལས་མ་འདས་སོ། །སྡུད་པ་དང༌། མཚམས་སྦྱོར་ནི་འོག་ནས་འཆད་ལ། སྨོན་པ་དང༌། ཚད་འཛིན་ནི། གྱུར་ཅེས་པ་དང༌། ཙམ་ཞེས་པས་སྟོན་ཅིང༌། ལ་ཡིག་གི་ནུས་པ་མིན་ནོ། །དེ་ལྟ་མིན་ན། འདི་བུམ་པ་ཡིན་ལ་ཞེས་པའི་ལ་ཡིག་ཀྱང་བུམ་པ་ཡིན་པ་སྒྲུབ་པའི་ཕྲད་དུ་འགྱུར་དགོས་པ་ལས། བུམ་པ་ཡིན་པ་ནི་ལ་ཡིག་ལ་མི་ལྟོས་པའི་ཕྱིར་དང༌། དེའི་ལ་ཡིག་ནི་ཚིག་ཕྱི་མའི་ལྷག་མ་ཡོད་པ་ཙམ་ཡིན་པའི་ཕྱིར་རོ། །གཞན་ཡང་སྨྲ་སྒོར།
དུ་ལ་སོགས་པ་ལ་དང་མཐུན།
དེ་ཉིད་དག་ནི་ལྷག་པ་ཡིན།
དེ་བཞིན་ལྷག་བཅས་ལ་ལའོ། །ཞེས་ལ་ཡིག་དེ་ཉིད་ལ་མི་འཇུག་ཅིང༌། དུ་ལ་སོགས་པ་ལྷག་བཅས་ལ་མི་འཇུག་པར་གསུངས་པ་ནི་མི་འཐད་པར་མཐོང་སྟེ། ལྷག་བཅས་ལ་དེ་ལྟར་ཡིན་དུ་ཆུག་ཀྱང༌། ལ་ཡིག་དེ་ཉིད་ལ་མི་འཇུག་པར་བཤད་པ་ནི། གཞུང་འདིར།
ལས་དང་ཆེད་དང་རྟེན་གནས་དང༌།
དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །ཞེས་ལ་ཡིག་དོན་ལྔ་པོ་དེར་འཇུག་པ་གཞིར་བཞག་ནས། དུ་ལ་སོགས་པ་ཡང་དོན་ལྔ་པོ་དེར་འཇུག་པ་ལ། ལའི་སྒྲ་དང་ཁྱད་པར་མེད་པར་བཤད་པ་དང་དངོས་སུ་འགལ་བས་སོ། །གལ་ཏེ་ལ་ཡིག་དེ་ཉིད་ལ་འཇུག་ཀྱང་ཁྱབ་ཆེ་ཆུང་ཡོད་པའི་དབང་དུ་བྱས་པ་ཡིན་ནོ་ཞེ་ན་ཡང་འཐད་པ་མ་ཡིན་ཏེ། གང་འཇུག་པ་མང་བའི་དཔེར་བརྗོད་ཀྱང་མང་དུ་བསྟན་ནས། འཇུག་པ་ཉུང་ཞིང་དཀོན་པ་དེ་ཉིད་རྟོགས་དཀའ་བས་རྩལ་དུ་བཏོན་ནས་འཆད་དགོས་པ་ལས། དཔེར་བརྗོད་ཙམ་ཡང་མ་བཤད་པས་མི་འཐད་པའི་ཕྱིར་རོ། །ན་ཡིག་ཀྱང་སྨྲ་སྒོར།
ན་ཞེས་བྱ་བའི་ཚིག་གི་དོན།
དམིགས་ཀྱིས་འབྱེད་དང་རྒྱུ་མཚན་དང༌།
རྒྱུ་མཚན་དོན་གྱིས་བསྟན་པ་དང༌།
ལས་དང་ཆེད་དང་རྟེན་གནས་དང༌།
ཕྱི་ཚིག་དེ་གཞན་སོགས་སྟོན་དང༌།
འོས་པར་དཀའ་བ་མཆོག་འཛིན་པ།
ཕྱི་ཚིག་ངེས་པར་འབྱེད་པ་དང༌།
དེ་ལས་བཟློག་པ་ཉིད་དང་ནི།
འགལ་དང་མི་འགལ་སྟོན་པ་དང༌།
སྨོན་དང་འདྲི་དང་ཐེ་ཚོམ་གཞི།
ཚེ་སྐབས་རྣམས་ལ་འདི་མཐོང་ངོ༌། །ཞེས་གསུངས་པ་ལས། དམིགས་ཀྱིས་འབྱེད་པ་ནི། དམིགས་ཀྱིས་བསལ་བའི་དོན་ཡིན་པས། དགར་བ་དང་དོན་གཅིག་གོ །འདི་ལ་གལ་འཛུགས་པ་དང༌། གཞུང་འཛུགས་པ་གཉིས་ལས། གལ་འཛུགས་པ་ནི། ཡིན་གྲང་ན་ཞེས་སྔ་མ་མཐའ་གཉིས་སོགས་སུ་བཅད་ནས། ཕྱི་མ་ལ་དོན་གཅིག་གལ་དམིགས་སུ་འཛིན་པ་ལ་སོགས་པ་ལྟ་བུའོ། །གཞུང་འཛུགས་པ་ནི་དངོས་སུ་ན། མདོར་ན་ལྟ་བུ་གཞུང་གི་དོན་ཁྱད་པར་དུ་བཏོན་ནས་དམིགས་འབྱེད་པའོ། །རྒྱུ་མཚན་ནི། བྱས་པ་ན། མི་རྟག་གོ་ཞེས་པ་ལྟ་བུ་བྱས་པའི་རྒྱུ་མཚན་གྱིས་མི་རྟག་པར་སྒྲུབ་པ་དང་དོན་གཅིག་གོ །རྒྱུ་མཚན་དོན་གྱིས་བསྟན་པ་ནི། འདི་ན་དུ་བ་མེད་ན་ནི། མེ་ཇི་ལྟར་ཡོད་ཅེས་པ། རྒོལ་བ་གཞན་ལ་མེ་མེད་པར་སྒྲུབ་པའི་ཚེ། དངོས་སུ་དུ་བ་མེད་ན། མེ་ཇི་ལྟར་ཡོད། ཅེས་དྲིས་ནས་མེ་ཡོད་པ་བཀག་སྟེ། ཤུགས་ལ་མེ་ཡོད་པའི་རྒྱུ་མཚན་ནམ་གཏན་ཚིགས། དུ་བ་ཡོད་དགོས་པ་ན་ཡིག་གིས་ཐོན་པ་ལྟ་བུའོ། །རྣམ་གླིང་པས། འདིའི་དཔེར་བརྗོད་དུ། དེས་ན་ཆོས་ལ་བསླབ་པར་བྱའོ་ཞེས་པ་ལྟ་བུའོ། །ཞེས་གསུངས་པ་ཡང༌། དེ་ཞེས་པས་གོང་དུ་རྒྱུ་མཚན་བརྗོད་པ་དེ་ཉིད་དངོས་སུ་ངེས་པར་བཟུང་ནས། འིས་ཞེས་པ་བསྡུས་པའི་ས་ཡིག་བྱེད་པའི་སྒྲ་སྦྱར་བས་གཞན་སྒྲུབ་པར་དངོས་སུ་སྟོན་ལ། ན་ཡིག་གིས་རྒྱུ་མཚན་དེ་ཉིད་ཆོས་ལ་བསླབ་པར་བྱ་བའི་རྒྱུ་མཚན་དུ་དངོས་སུ་འདྲེན་པ་ཞིབ་མོར་བརྟགས་ན་ཤེས་སོ། །དེ་ལྟ་མིན་ན། དེས་ན་ཞེས་པའི་ཚིག་གིས་གང་དངོས་སུ་བསྟན་པ་བརྗོད་དགོས་པ་ལས། གཞན་དངོས་སུ་སྟོན་པ་མི་རྙེད་པའི་ཕྱིར་རོ། །དེ་བཞིན་དུ། གང་དུ་ཤ་བ་ཡོད་པ་དེར་ཤིང་ཡོད་པ་ཡིན་ན། གནས་འདི་ནི་ཤིང་གིས་དབེན་པའི་ཐང་ངོ་ཞེས་ན་ཡིག་གིས་ཚིག་ཕྱི་མའི་དོན་སྔ་མའི་དོན་ལས་གཞན་དུ་སྟོན་པ་ལྟ་བུའོ། །འདིར་ཡང་རྣམ་གླིང་པས། གང་དུ་དུ་བ་ཡོད་ན་མེ་ཡོད་ཅེས་པའི་དཔེར་བརྗོད་བཀོད་པ་ནི་ཤིན་ཏུ་མ་དགོངས་པ་སྟེ། དེའི་ན་ཡིག་རྒྱུ་མཚན་ལ་འཇུག་པས་གོང་མ་དང་ཟློས་ལ། དོན་གཞན་ཞིག་སྟོན་པ་དང༌། དོན་དེ་སྔ་མ་ལས་གཞན་དུ་སྟོན་པ་གཉིས་ཀྱི་དམིགས་མི་ཕྱེད་ཅིང༌། སོགས་ཀྱི་སྒྲ་ལའང་བརྟགས་པ་ཡེ་མ་བཅུག་པའི་འོལ་ཚོད་དོ། །གཞུང་དོན་ནི། ཚིག་ཕྱི་མའི་བརྗོད་བྱ། སྔ་མའི་དོན་དེ་ལས་གཞན་དུ་སྟོན་པར། འགྲེལ་བའི་དཔེར་བརྗོད་ཀྱིས་རྟོགས་པར་སླའོ། །སོགས་སྒྲས་སྔ་མ་དང་འགལ་བ་དང༌། ཕྱི་མ་ཉིད་མེད་པར་སྟོན་པ་སོགས་བསྡུའོ། །འོས་པར་དཀའ་བ་སྟེ། མི་འོས་པ་དཔེར་ན། དཔོན་ལྟ་བུས་ངན་ལས་བྱ་མི་འོས་པ་ཡིན་པས། དེ་མཆོག་ཏུ་འཛིན་པ་ནི། དཔོན་གྱིས་ངན་ལས་བྱ་བ་ནི། ཤིན་ཏུ་མི་རིགས་པར་འཛིན་ཡིན་ལ། དེ་ལྟར་བཟུང་བའི་སྒོ་ནས། དཔོན་གྱིས་ངན་ལས་བྱེད་ན། གཡོག་ལྟ་ཅི་སྨོས་ལྟ་བུ་དང༌། གྲྭ་པས་ཆང་འཐུང་ན་མི་ནག་པ་ལྟ་ཅི་སྨོས་ལྟ་བུ། མི་འོས་པའི་ཚིག་གིས་ཕྱི་མའི་དོན་ངེས་པར་བྱེད་པའོ། །དེ་ལས་ལྡོག་པ་གཡོག་ལྟ་བུས་ལས་བྱེད་ན་དཔོན་ཡང་ལས་བྱེད་དོ་ལྟ་བུ་སྔ་མ་འོས་པའི་ཚིག་གིས་ཕྱི་མ་ངེས་པར་བྱེད་པའོ། །འགལ་བ་དང་མི་འགལ་བར་སྟོན་པ་ནི། ཀུན་རྫོབ་ཏུ་ཡོད་ན་དོན་དམ་པར་ནི་ཡོད་པ་མ་ཡིན་ནོ་ལྟ་བུའོ། །འདི་བརྟག་པར་བྱ་བའི་གཞིའོ། །ཐེ་ཚོམ་གྱི་གཞི་ནི། མྱུ་གུ་ལ་རྒྱུ་དགོས་ན། རྒྱུ་གཅིག་གིས་ཆོག་གམ། དུ་མ་དགོས་ཞེས་མཐའ་གཉིས་སུ་དོགས་པ་ལྟ་བུའོ། །སྨོན་པ་ནི། བདག་བྱང་ཆུབ་ཐོབ་ན་ལྟ་བུའོ། །དྲི་བའི་གཞི་ནི་བུམ་པ་ཡོད་ན་དེ་ཇི་ལྟར་ཡོད་ལྟ་བུའོ། །རྣམ་དབྱེ་གཉིས་པ་དང༌། བཞི་པ། བདུན་པ་རྣམས་དང༌། དེ་ཉིད་དང་ཚེ་སྐབས་ལ་འཇུག་པ་ནི་བཤད་ཟིན་ཏོ། །འོན་ཀྱང་སྨྲ་སྒོའི་སྐབས་འདིར་དཔྱད་གཞི་ཤིན་ཏུ་ཆེ་བ་འདུག་ཀྱང༌། འཇུག་པ་འདི་དག་ཤེས་རབ་སྐྱེ་བ་ལ་ཉེ་བར་མཁོ་བས་བཀོད་ཅིང༌། འཐད་མི་འཐད་ཀྱི་དཔྱད་པ་བྱས་ན་མང་དུ་དོགས་ནས་བཞག་གོ
འདིར་ལ་དོན་གྱི་སྒྲ་རྣམས་དོན་ལྔ་ལ་འཇུག་ཚུལ་གྱི་དབྱེ་བ་རྟོགས་པར་དཀའ་བས། སླར་ཡང་བཤད་པར་བྱ་སྟེ། འདི་ལ་རྣམ་གླིང་པས། རྣམ་དབྱེ་གཉིས་པ་དང་བཞི་པ་མ་ཕྱེད་པར། དབང་བསྐུར་དུ་གསོལ་ཞེས་པ་གཉིས་པའི་དཔེར་བརྗོད་དུ་བཀོད་པ་མི་འཐད་དེ། དེ་དབང་བསྐུར་བའི་ཆེད་དུ་གསོལ་བ་འདེབས་པ་ཡིན་པས་བཞི་པ་ཡིན་ནོ། །བསམ་དུ་མེད། གསལ་དུ་བཏང༌། ཞེས་པ་ཡང་བསམ་པར་བྱ་བའི་ངོ་བོ་ཉིད་དུ་མ་གྲུབ་པ་དང༌། གསལ་བའི་ངོ་བོར་བཏང༌། ཞེས་པ་ཡིན་ཞིང༌། གཞི་གཞན་ལ་བྱ་བ་བྱས་པ་ལ་འཇུག་པ་མ་ཡིན་པས་དེ་ཉིད་ལ་འཇུག་གི གཉིས་པའི་དཔེར་བརྗོད་དུ་མི་འཐད་ལ། ནང་དུ་ཆུག་ཅེས་པའང་གཞི་ནང་ལ་འཇུག་པའི་བྱ་བ་བྱོས་ཤིག་པའི་དོན་ཡིན་པས། དེ་ཉིད་ལ་མི་འཇུག་ཅིང༌། རྣམ་དབྱེ་གཉིས་པའི་དཔེར་བརྗོད་དུ་འཐད་པའི་ཕྱིར་རོ། །གཞན་ཡང་དེ་ཁོ་ན་ཉིད་ཅེས་པའི་དེ་དང་ཁོ་དང་ན་དང་ཉིད་རྣམས་ཁ་ཕྲལ་ནས། དེ་ཞེས་པ་ཐ་སྙད་འདས་མ་ཐག་པའམ། དངོས་པོ་གཞན་ལ་འཇུག་པར་བཤད་པ་ནི། འོག་ནས་འཆད་པ་ལྟར་བདེན་པའི་དངོས་པོའམ་དེ་ཉིད་ལ་འཇུག་པའི་དཔེར་བརྗོད་དུ་རིགས་ཤིང༌། ཁྱེད་རང་གིས་ཀྱང༌། དེའི་དཔེར་བརྗོད་དུ་བཀོད་པ་དང་དངོས་སུ་འགལ་བ་དང༌། ཁོ་ཞེས་པ་ལ་ཚིག་གྲོགས་ཀྱི་བཤད་པ་ལས་མ་བྱུང་བས་གསུང་རྒྱུས་གཏུགས་ཤིང༌། སྐབས་དེར་རང་ཞེས་པའི་སྒྲ་དང་འདྲ་བར་ངེས་བཟུང་དུ་མ་དགོངས་པར་ཟད་དོ། །འདི་ལ་སོགས་པ་ནོར་ཞིང་མ་འབྲེལ་བ་ཤིན་ཏུ་མང་བར་སྣང་ཡང༌། གོང་གི་དེ་རྣམས་ཀྱི་དཔྱད་པ་གཞུང་དོན་རྟོགས་པ་ལ་ཉེ་བར་མཁོ་བས་འདིར་བརྗོད་ཀྱི། ཐམས་ཅད་དགག་པར་མི་ལང་ངོ༌། །དེས་ན་འདི་དག་གི་ཁྱད་པར་ནི། ཐབ་ལ་མེ་བཏང་ཞེས་པ་ལྟ་བུ། གཞི་གཞན་ལ་བྱ་བ་བྱས་པ་དང༌། བྱེད་པ་སོགས་སྟོན་པའི་ལ་སྒྲ་རྣམས་རྣམ་དབྱེ་གཉིས་པ་དང༌། མགྲོན་པོ་ལ་མེ་བཏང་ལྟ་བུ་བྱ་བ་བྱེད་པའི་གཞི་དངོས་མ་ཡིན་པར། དེ་ལ་མེ་བཏང་བ་ནི། དེའི་ཆེད་དུ་མེ་བཏང་བ་ཡིན་ལ། དེ་ལྟར་དགོས་པ་ལ། ལ་སྒྲ་སྦྱར་ཏེ། བྱ་བ་མེ་བཏང་བར་སྟོན་པའི་ལའི་སྒྲ་ནི་རྣམ་དབྱེ་བཞི་པའོ། །ཐབ་ལ་མེ་ཡོད་ལྟ་བུ། གཞི་ཐབ་ལ་མེ་བཏང་བ་སོགས་ཀྱི་བྱ་བ་བྱས་པ་མི་བརྗོད་པར། མེའི་ངོ་བོ་ཙམ་ཡོད་པར་བརྗོད་པའི་ལའི་སྒྲ་ནི་རྣམ་དབྱེ་བདུན་པའོ། །འདུས་བྱས་སུ་གྲུབ་ལྟ་བུ། གཞི་གཞན་ལ་མི་བརྩི་བར་ཆོས་རང་རང་གི་ངོ་བོ་ཉིད་ཙམ་དུ་གྲུབ་པ་སོགས་སྟོན་པའི་ལའི་སྒྲ་ནི། དེ་ཉིད་དམ་བདེན་པའི་དངོས་པོ་སྟོན་པ་ཞེས་བྱའོ། །རྣམ་དབྱེ་བདུན་པ་དང་འདི་གཉིས་ཀྱི་ཁྱད་པར་ནི། གཞི་གཞན་ལ་ཡོད་པས་གྲུབ་པ་དང༌། རང་གི་ངོ་བོ་ཉིད་དུ་ཡོད་པས་གྲུབ་པ་གཉིས་ཀྱིས་དབྱེ་བར་བྱ་སྟེ། དེ་ཉིད་ཅེས་པ་དང༌། དེ་ཁོ་ན་ཉིད་ཅེས་པ་རང་གི་ངོ་བོ་ཉིད་ལས་གཞན་དུ་མི་འཇུག་ལ། རྣམ་དབྱེ་བདུན་པ་གནས་གཞིའི་ལའི་སྒྲ་ནི། ཆོས་གང་ཡང་འཚོལ་བ་སོགས་ཀྱི་ཚེ། གཞི་གཞན་ཁོ་ན་ལ་ཡོད་མེད་ལྟ་བ་དང་འཚོལ་བ་སོགས་ལ་འཇུག་པ་མ་གཏོགས། རང་གི་ངོ་བོ་འཚོལ་བ་སོགས་ལ་མི་འཇུག་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །ཚེ་སྐབས་ནི། ཚེ་དང་སྐབས་ཞེས་ཐོབ་པ་མང་པོར། དེའི་ཚབ་ཏུ་ལའི་སྒྲ་བཀོད་པ་ཐམས་ཅད་དེ། དཔེར་བརྗོད་གོང་གི་དེས་རྟོགས་སླའོ། །དེ་ལྟར་སུ་རུ་དུ་ན་ལ་རྣམས་མིང་མཐའ་གང་ལ་སྦྱོར་བའི་ངེས་པ་ནི།
ས་སུ་ག་བ་ད་དྲག་ཏུ།
ང་ད་ན་མ་ར་ལ་དུ།
འ་དང་མཐའ་རྟེན་མེད་མཐར་རུ།
འདི་དང་ར་མཐའ་བྱ་བ་གཅིག །ཅེས་པ་ལྟར་རོ།