གངྒཱའི་ཆུ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་༢༠༡༠ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ་ནས་ཆེད་དུ་གསར་བསྐྲུན་བྱས།

Blog Archive

About Me

གངྒའི་ཆུ་རྒྱུན།
གངྒཱའི་ཆ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་རིག་གཞུང་ལ་དོན་གཉེར་ཆེ་བའི་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་གསར་བསྐྲུན་བྱས་པ་ཞིག་ཡིན།
View my complete profile

རྩོམ་སྒྲིག་ཚོགས་མི

༢༠༡༠ ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ།
སློབ་སྟོན་པ། བེ་རི་འཇིགས་མེད
རྩོམ་སྒྲིག་པ། ནོར་བུ་ཉི་མ། བསྟན་འཛིན་དགེ་རྒྱས་སོགས།།
གངྒཱའི་ཆུ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་༢༠༡༠ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ་ནས་ཆེད་དུ་གསར་བསྐྲུན་བྱས།

དྲ་ངོས་བཀླག་གྲངས།

Powered by Blogger.

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

Followers

Sunday 10 April 2011
བསྟན་བྱ་དུས་གསུམ་སྤྱི་བྲེ་བྲག་ཐོར་བུ་ཁྱབ་མཉམ་ཆ་འདྲ་ལྔའམ་དུས་གསུམ་ལྔ་བསྟན་པ།

འགོས་པདྨ་རྒྱལ་མཚན།

དུས་གསུམ་སྤྱི་བྲེ་བྲག་ཐོར་བུ་ཁྱབ་མཉམ་ཆ་འདྲ་ལྔ་པོ་རྟགས་འཇུག་གི་སྔོན་འཇུག་གི་ཅི་ཕྱིར་འཇུག་པའི་གཞུང་གི་དངོས་བསྟན་དང་ཤུགས་བསྟན་བཅས་གཉིས་སུ་འདུས། དང་པོ་ནི་དུས་གསུམ་སྤྱི་བྱེ་བྲག་ཐོར་བུ་གསུམ་ལས་མེད་ཅིང་། དེ་ལས་ཀྱང་སྤྱི་དང་བྱེ་བྲག་གཉིས་དངོས་བསྟན་དང་། ཐོར་བུ་ཤུགས་བསྟན་དུ་འདོད་པ་ཡིན་པ། དེ་ནས་ཁྱབ་མཉམ་བྱུང་ནས་སྤྱི་བྱེ་བྲག་ཐོར་བུ་ཁྱབ་མཉམ་བཞི་བྱུང་ནས་བཞི་ཀ་རྟགས་འཇུག་རྩ་བའི་དངོས་བསྟན་དུ་འདོད། དེ་ནས་ཆ་འདྲ་བསྣན་ནས་ལྔ་བྱུང་སྟེ། ཆ་འདྲ་འགའ་ཞིག་དངོས་བསྟན་དང་འགའ་ཞིག་ཤུགས་བསྟན་དུ་འདོད་པ་དང་། དེ་བཞིན་ཁྱབ་མཉམ་གྱི་ཡང་ཤིན་ཏུ་མོ་མ་ཡིག་དངོས་བསྟན་དང་། སྔོན་འཇུག་གཞན་ཁྱབ་མཉམ་ལ་འཇུག་པ་ཤུགས་བསྟན་དུ་འདོད་པ་ཡིན་ནོ།
       དེ་ཡང་དང་པོ་སྤྱི་དང་བྱེ་བྲག་གཉིས་དངོས་བསྟན་དང་ཐོར་བུ་ཤུགས་བསྟན་དུ་འདོད་པནི། སྡེ་དགེ་བླ་མ་ནོར་བུ་བསྟན་འཛིན་གྱིས་དུས་རབས་བཅུ་དགུ་ནང་དུས་གསུམ་སྤྱི་དང་བྱེ་བྲག་ཐོར་བུ་གསུམ་འདོད་ཅིང་། དེ་ལས་སྤྱི་དང་བྱེ་བྲག་ནི་རྩ་བའི་དངོས་བསྟན་དང་ཐོར་བུ་ཤུགས་བསྟན་ཡིན་པར་འདོད་དེ། ཚེ་ཏན་ཞབས་དྲུང་གི་དུས་གསུམ་རེའུ་མིག་བརྒྱ་ཕྲག་ཉི་ཤུའི་དཀྱིལ་སྟོད་དུ་བརྩམས་པ་དོན་ཐོན་མིའི་ཞལ་ལུང་དུ་བཀོད་པ་ནི། ཁམས་ཀྱི་མཁས་པ་བླ་མ་ནོར་བུ་བསྟནའཛིན་གྱིས་དུས་གསུམ་ལ་སྤྱི་དང་བྱེ་བྲག་ཐོར་བུའི་རིགས་གསུམ་དུ་ཕྱེ་བ་དེ་ཧ་ཅང་བློ་ལ་འཛིན་བདེ་བའི་རྐྱེན་གྱིས་བདག་གིས་སྔོན་བརྩམས་པའི་དག་ཡིག་ཐོན་མིའི་དགོངས་རྒྱན་གྱི་ལྷན་ཐབས་མཛེས་པའི་རྒྱན་ལས་སྡོམ་དུ་བསྡུས་པ་འདི་ལྟར།
དེ་ཡང་བརྡ་སྤྲོད་རྟགས་ཀྱི་འཇུག་པ་ལས།
ཕོ་ནི་འདས་དང་ཞེས་སོགས་ཚིགས་བཅད་ཀྱིས།
དངོས་བསྟན་དུས་གསུམ་སྤྱི་དང་བྱེ་བྲག་གཉིས།
ཤུགས་ལ་ཐོར་བུའི་སྡེ་ཚན་བསྟན་ཅེས་གྲག

དང་པོ་སྤྱི་ནི་བྱ་ཚིག་༼གདགས་བྱ་དགག་ལྟ་བུ༽མ་ནིང་དང་།
བྱེད་པ་༼འདོགས་ལྟ་བུ༽མོས་འཕུལ་བརྗོད་བདེར་༼གཏོང་ལྟ་བུ༽མ་ནིང་སྲིད།
པ་སྡེ་ལས་གཞན་འདས་པར་༼བཏགས་ལྟ་བུ༽ཕོས་འཕུལ་ཞིང་།
མགོ་ཅན་མེད་ངེས་སྒྲ་གདངས་འགྱུར་བའོ།

གཉིས་པ་བྱེ་བྲག་བྱ་འདས་༼བསྲུང་བསྲུངས་ལྟ་བུ༽ཕོས་འཕུལ་བ།
བྱེད་པར་༼གདལ་དགར་ལྟ་བུ༽མ་ནིང་༼འགོམ་ལྟ་བུ༽མོས་འཕུལ་༼སྲུང་ལྟ་བུ༽འཕུལ་མེད་བཞི།
འཕུལ་ཅན་ལ་བལྟོས་མགོ་ཅན་མང་བའི་སྡེ།
འདས་སྐུལ་གཉིས་ལ་༼བསྒྲུབས་སྒྲུབས༽ཡང་འཇུག་ཐོབ་ངེས་པའོ།

ཐོར་བུའི་རིགས་ནི་ངེས་མེད་སྣ་ཚོགས་ཅན།
དབྱེ་བ་བཞི་སྟེ་༼དྲང་ལྟ་བུ༽བྱེ་བྲག་ཕྱོགས་མཐུན་དང་།
བརྩད་ལྟ་བུ༽ད་མཐའ་ཅན་དང་༼བསྐུ་བསྐུས་ལྟ་བུ༽འ་ས་གཉིས་བསྲེས་སྡེ།
གཏད་གཏོད་གཏད་གཏོད་ལྟ་བུ་ནི་རིམ་བཞིན༽བྱ་བྱེད་འདས་སྐུལ་ཕལ་ཆེར་སྒྲ་མཐུན་པའོ། །ཞེས་པ་འདི་ནི་དུས་གསུམ་སྤྱི་དང་བྱེ་བྲག་ཐོར་བུ་གསུམ་གྱི་འཇོག་བྱེད་དེ། འདི་ཇི་བཞིན་བློ་ལ་བྱང་ཚེ། རྟགས་འཇུག་གི་དོན་ལ་བློ་གྲོས་ཀྱི་སྒོ་མོ་གསར་པ་ཞིག་འབྱེད་ཅེས་པ་ཡིན་ནོ། །ཞེས་ཐོན་མིའི་ཞལ་ལུང་དུ་གསུངས་སོ།
       དེ་ནས་བརྒྱ་ཕྲག་ཉི་ཤུའི་བདུན་ཅུའི་ནང་མཧཱ་པཎྜིཏ་མཁན་ཆེན་ཐུབ་བསྟན་བརྩོན་འགྲུས་རིན་པོ་ཆེའི་རྟགས་འཇུག་འགྲེལ་པར་དུས་གསུམ་སྤྱི་བྱེ་བྲག་ཐོར་བུའི་སྟེང་དུ་ཁྱབ་མཉམ་བསྣན་ཏེ་བཞི་འབྱུང་བ་དང་། དེ་ནས་འགོས་པདྨ་རྒྱལ་མཚན་གྱིས་དུས་གསུམ་དེ་བཞི་རྩ་བས་དངོས་བསྟན་ཡིན་ཚུལ་རྟགས་འཇུག་རྩ་བ་དང་སྦྱར་ཏེ་བཤད་པ་དང་། དེའི་སྟེང་དུ་མིང་གཞི་རྐྱང་བརྩེགས་འདོགས་གསུམ་གང་ཡིན་དང་། མིང་གཞིའི་རྟགས་གང་ཡིན་བསྣན་ཏེ་རྒྱས་བཤད་དང་། དུས་གསུམ་ཆ་འདྲ་ཞེས་པ་གསར་དུ་རིགས་པས་དཔྱད་དེ་རྣམ་བཞག་གསར་པ་བྱས་ཏེ། དེ་ཡང་རྟགས་འཇུག་རྩ་བའི་དངོས་བསྟན་དང་ཤུགས་བསྟན་གང་ཡིན་ཕྱེ་ནས་བཤད་པ་བརྒྱ་ཕྲག་ཉི་ཤུའི་བརྒྱད་ཅུའི་ནང་ནས་བཤད་འགོ་བཙུགས་ཀྱང་། ཡིག་ཐོག་ཏུ་དང་པོ་འབྲུག་བུམ་ཐང་ཨུར་སྦས་པ་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁྱེན་པ་ཟབ་ཡངས་ཅན་མཁས་དབང་མཁན་ཆེན་རིན་པོ་ཆེ་ཚེ་དབང་བསོད་ནམས་མཆོག་ནས་འགོས་ཀྱི་ངག་རྒྱུན་དེ་རབ་བྱུང་བཅུ་བདུན་པའི་དཔལ་གདོང་ཆུ་མོ་བྱ་ལོ་ཕྱི་ལོ་ ༡༩༩༣ ལོར་བཀོད་པ་ལ་སླར་ཡང་རྟགས་འཇུག་ཅི་ཕྱིར་འཇུག་གི་བསྟན་བྱའི་གནད་དོན་དང་མིང་གཞི་རྗེས་འཇུག་སོགས་ཀྱིས་དུས་གསུམ་སྟོན་ཚུལ་རྣམས་གསར་དུ་བསྣན་ཏེ། ཕྱི་ལོ་ ༡༩༩༨ རབ་བྱུང་བཅུ་བདུན་པའི་འབྲུ་མང་ལོའི་ས་ཕོ་སྟག་ལོར་མཛད་པ་ལ་གོ་རིམ་དང་ཆད་ལྷག་གི་སྐྱོན་འགའ་སྣང་བ་བསྐྱར་བཅོས་བཅས་ཁོ་བོ་འགོས་རང་ནས་ཕྱི་ལོ་ ༢༠༠༠ རབ་བྱུང་བཅུ་བདུན་པའི་དཔའ་བོ་ལྕགས་འབྲུག་ལོའི་ཧོར་ཟླ་གསུམ་པའི་ཡར་ཚེས་བཅོ་ལྔ་ནག་པ་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉིན་མོ་བརྩམས་པ་ལ་བར་བར་དུ་རྩ་ཚིག་ལ་འགྱུར་བཅོས་དང་དཔེར་བརྗོད་གསར་བསྣན་དགོངས་འཆར་གནང་ནས། ཡི་གེ་པའི་ལས་ནི་བློ་དང་ལྡན་པ་ཁྲ་འགུ་དགོན་པའི་ཤཱཀྱའི་དགེ་ཚུལ་འཇམ་དཔལ་རབ་བརྟན་ལགས་ནས་ལྷག་བསམ་ཆེན་པོས་བགྱིས་པར་ལེགས་སོ་དང་བཅས་མང་དུ་ཐོས་པའི་བཙུན་པ་རིག་གནས་སྨྲ་བའི་དབང་ཕྱུག་འགོས་པདྨ་རྒྱལ་མཚན་གྱིས་སྦྱར་བ་དགེ་ལེགས་འཕེལ།། །།

༼སུམ་རྟགས་ཀྱི་རྩ་འགྲེལ་ལ་དཔྱད་པའི་གཏམ་བརྡ་སྤྲོད་པའི་གྲུབ་མཐའི་གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག་ཅེས་པ་ལས་ཟུར་བཏོན་ཞུས། ཤོག་ངོས། ༡༧༨ -༡༨༡ དཔར་ལོ། ༢༠༠༢༽